དེ་དག་ཐམས་ཅད་ལྷ་མ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་གྱི། དེ་བཞིན་གཤེགས་པའི་འོད་འབའ་ཤིག་དེ་དག་གི་ནང་ན་དམ་པར་སྣང་ངོ་། གཙོ་བོར་སྣང་ངོ་། །​གྱ་ནོམ་པར་སྣང་ངོ་། །​འཕགས་པར་སྣང་ངོ་། །​མཆོག་ཏུ་སྣང་ངོ་། །​རབ་ཏུ་སྣང་ངོ་། །​ཕུལ་དུ་སྣང་ངོ་། །​བླ་ན་མེད་པར་སྣང་ངོ་། །​གོང་ན་མེད་པར་སྣང་ངོ་། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། གནས་གཙང་མའི་རིས་ཀྱི་ལྷ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་གཏན་ལ་བབ་པར་བསྟན་པ་ཐོས་པར་འདོད་ནས། ཆོས་ཉན་པའི་ཕྱིར་ལྷགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །​ཀཽ་ཤི་ཀ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསླབ་པར་བྱ་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96028#UT22084-014-001-96028