འཇིག་རྟེན་དེ་དག་ནས་རྣམ་པར་ལངས་པར་གྱུར་ན། རབ་འབྱོར་དེ་ལ་ཅི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་ནས་རྣམ་པར་བསླང་བ་ཡོད་དམ། །​གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་བཀྲོལ་ཡང་སེམས་ཅན་གང་ཡང་ཡོངས་སུ་གྲོལ་བར་བྱས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་པ་བྱེད་དོ། །​དེ་ལྟར་བཻ་ཌུཪྻའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་ནས། འཁོར་ལོས་སྒྱུར་བའི་སྲིད་མངོན་པར་སྤྲུལ་པ་བྱེད་དོ། །​དེ་ལྟར་འཁོར་ལོས་སྒྱུར་བའི་སྲིད་མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་ཀྱི་སྦྱིན་པ་བྱེད་དོ། །​སྐོམ་འདོད་པ་རྣམས་ལ་སྐོམ་གྱི་སྦྱིན་པ་བྱེད་དོ། །​བཞོན་པ་འདོད་པ་རྣམས་ལ་བཞོན་པའི་སྦྱིན་པ་བྱེད་དོ། །​གོས་འདོད་པ་རྣམས་ལ་གོས་ཀྱི་སྦྱིན་པ་བྱེད་དོ། །མེ་ཏོག་འདོད་པ་རྣམས་ལ་མེ་ཏོག་གི་སྦྱིན་པ་བྱེད་དོ། །​ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བའི་སྦྱིན་པ་བྱེད་དོ། །​སྤོས་འདོད་པ་རྣམས་ལ་སྤོས་ཀྱི་སྦྱིན་པ་བྱེད་དོ། །​བྱུག་པ་འདོད་པ་རྣམས་ལ་བྱུག་པའི་སྦྱིན་པ་བྱེད་དོ། །​མལ་ཆ་འདོད་པ་རྣམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7702#UT22084-014-001-7702