སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །​དེས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །​དབྱངས་སྒྲོག་གོ། །​དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །​དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཅིག་མངོན་པར་སྤྲུལ་ལ། དེ་ལྟར་མངོན་པར་སྤྲུལ་ནས། ངན་སོང་གི་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་སྒྲ་སྒྲོག །​ཆོས་ཀྱི་སྒྲ་སྒྲོག །​དགེ་འདུན་གྱི་སྒྲ་སྒྲོག་པར་གྱུར་ལ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7701#UT22084-014-001-7701