མིང་འཛིན་པ་བྱས་པར་འགྱུར་རོ། །​ཕྱག་རྒྱ་བདུན་པོ་དེ་དག་ནི་གསང་སྔགས་སྒྲུབ་པ་ཐམས་ཅད་དང་། ཀུན་དུ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །​ལས་ཐམས་ཅད་བྱེད་པའི་ཕྱག་རྒྱ་འཇིག་རྟེན་ལས་འདས་པའི་ལམ་བླ་ན་མེད་པ་ཡིན་ནོ། །​གང་ཞིག་ཕྱག་རྒྱ་དེ་དག་བཅིངས་པ་མཐོང་ཞིང་ཁྲུས་ལེགས་པར་བྱས་ཏེ། གཙང་མས་སྒྲུབ་པར་བྱེད་པ་འདི་ནི་ངན་འགྲོར་འགྲོ་བར་མི་འགྱུར། སྔོན་གྱི་སྒྲིབ་པས་དམྱལ་བ་མཐོང་བར་མི་འགྱུར། །​ཕྱག་རྒྱ་བཅིངས་པ་ཙམ་གྱི་མོད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་གྱི་དྲུང་དུ་དགེ་བའི་རྩ་བ་བསགས་པར་འགྱུར་རོ། །​བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཀུན་དུ་གཟུང་བར་འགྱུར་རོ། །​ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །​ས་བཅུ་ལ་རབ་ཏུ་གནས་པར་འགྱུར་རོ། །​ཕྱིར་མི་ལྡོག་པའི་གནས་རབ་ཏུ་ཐོབ་པར་འགྱུར་རོ། །​མཚམས་མེད་པ་ལྔ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་བ་འདེབས་པ་དང་། མནར་མེད་པ་ལ་གཞོལ་བ་རྣམས་ཀྱིས་ཇི་སྟེ་ཕྱག་རྒྱ་གཟུང་བ་ཙམ་དང་། བསྟན་པ་ཙམ་གྱི་མོད་ལ་སྡིག་པ་དེ་དག་ཐམས་ཅད་རྣམ་པར་ཞིག་པར་འགྱུར་རོ། །​སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ། །​ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པ་རྣམས་ལས་ལེགས་པར་བསྲུངས་པར་འགྱུར་རོ། །​དབང་ཕྱུག་དང་དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། གཞོན་ནུ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་རྒྱུན་དུ་རྗེས་སུ་འབྲང་བ་བྱེད་པར་འགྱུར་རོ། །​སེམས་ཅན་ཐམས་ཅད་དགའ་བ་མཐོང་བར་འགྱུར་རོ། །​མཆོད་རྟེན་དུ་གྱུར་པ་ཡིན་པར་འདོད་པ་དང་། ལུས་རིང་བསྲེལ་གྱི་སྙིང་པོ་ཡིན་པར་འགྱུར་རོ། །​རྡོ་རྗེ་ལྟར་མཁྲེགས་པའི་ལུས་སུ་འགྱུར་རོ། །​དུག་གིས་མི་ཚུགས། མེས་མ་ཡིན། མཚོན་གྱིས་མ་ཡིན། ཆུས་མ་ཡིན། དབྱིག་དུག་གི་འཇིགས་པས་མ་ཡིན། སེང་གེས་མ་ཡིན། གཅན་གཟན་གཏུམ་པོས་མ་ཡིན། དུག་མི་བཟད་པས་མ་ཡིན། རྐུན་པོ་དང་། མི་རྒོད་ཀྱིས་མ་ཡིན། ཁྱིམ་རྡིབ་པས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6780#UT22084-092-001-6780