སྦྱིན། །​འཇིག་རྟེན་འདས་པ་གྲུབ་པ་ཆེ། །​སངས་རྒྱས་ཉིད་ཕྱིར་བླ་ན་མེད། །​སྡིག་པ་ཐམས་ཅད་འཕྲོག་པ་གྲུབ། །​གསང་སྔགས་གྲུབ་པ་བླ་ན་མེད། །​ཨོཾ་ཨ་མོ་གྷ་སིད་དྷི། སརྦ་ཏ་ཐཱ་ག་ཏ་སིད་དྷི། ཨ་བ་ལོ་ཀཱ་ཡ་སིད་དྷི། །​མ་ཧཱ་བི་བུ་ལ་སིད་དྷི། ཀུ་རུ་ཀུ་རུ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་མཉམ་བཞག་སྟེ། །​གུང་མོ་གཤིབས་ཏེ་བསྒྲེང་བ་དང་། །​སྲིན་ལག་མཐེ་བོ་སོ་སོར་འགྱེད། །​གུང་མོ་ཡིད་ཙམ་དགུག་ཕྱ་བ། །​པདྨའི་དབང་ཕྱུག་སེམས་དཔའ་ཆེ། །​འཇིག་རྟེན་དབང་ཕྱུག་བླ་མ་སྟེ། །​རྟག་ཏུ་རྣམ་གྲོལ་དཀྱིལ་འཁོར་ནི། །​བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །ཕྱག་རྒྱ་བྱས་པ་འདི་ཡིན་ནོ། །​ཕྱག་རྒྱ་འདི་དང་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཕྱག་རྒྱ་དང་། ཕྱག་རྒྱ་དེ་དག་མཐོང་བ་ནི་འཇིག་རྟེན་དབང་ཕྱུག་མཐོང་བ་དང་འདྲ་བ་ཡིན་ནོ། །​ཕྱག་རྒྱ་མཆོག་འདི་མཐོང་བ་ནི་རྣམ་པར་གྲོལ་བའི་དཀྱིལ་འཁོར་མཐོང་བ་དང་འདྲ་བ་ཡིན་ཏེ། ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། །​ཕྱག་རྒྱ་འདི་བཅིངས་པ་ཙམ་མཐོང་བའི་མོད་ལ་དམ་ཚིག་ཐམས་ཅད་ཤེས་པར་འགྱུར་རོ། །​མཐོང་བ་དང་གཟུང་བ་ཙམ་གྱི་མོད་ལ་འབྲས་བུ་ཆེན་པོ་འཐོབ་ཅིང་མོད་ལ་སངས་རྒྱས་དང་བྱང་ཆུབ་བླ་ན་མེད་པ་ཡིན་ནོ། །​དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །​ཨོཾ་ཨ་བ་ལོ་ཀི་ཏ་མ་ཧཱ་ཤུད་དྷ་ས་ཏྭ་ས་ར་ས་ར། ས་མནྟ། ཨ་བ་བྷཱ་ས། ཀུཎྜ་ལ། དྷ་ལ། ཨ་མི་ཏཱ་བྷ། མ་ཀུ་ཊ་དྷ་ར། ཛ་ཊ་མ་ཀུ་ཊ། ན་བ་བཛྲེནྡྲ། མཎྜི་ཏ། ཙ་ར་ཙ་ར། སམྦྷ་ར། བྷུ་བ་ནེ་ཤྭ་ར་པདྨ་བྷུ་ཛེ་སྭཱ་ཧཱ། ཕྱག་རྒྱ་ཆེན་པོ་བདུན་པོ་དེ་དག་ནི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སྙིང་པོའི་ལམ་གྱི་འབྲས་བུ་སྟོན་པ། རྟག་ཏུ་འཇིག་རྟེན་དབང་ཕྱུག་བླ་མ། འཇིག་རྟེན་མགོན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ། །​ཕྱག་རྒྱ་བདུན་ནི་ཕྱག་རྒྱ་ཆེན་པོ་བྱེ་བ་ཕྲག་བདུན་གྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བདུན་པོ་དེ་གང་དུ་བཅིངས་ཤིང་ཕྱག་རྒྱ་མཆོག་གཟུང་བ་ནི་ཕྱག་རྒྱ་ཆེན་པོ་བྱེ་བ་ཕྲག་བརྒྱ་བཅིངས་བར་འགྱུར་རོ། །​གཟུང་བར་འགྱུར་རོ། །​དེ་དག་ཐམས་ཅད་མཆོད་པ་དང་། བསྙེན་བཀུར་བྱས་པར་འགྱུར་རོ། །​བསྟོད་པར་འགྱུར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6779#UT22084-092-001-6779