གཞན་གྱིས་བདུགས་པ་འདི། །​མཚོན་ཆ་ཐམས་ཅད་འཇོམས་པར་བྱེད། །​བདེན་པས་བྱིན་གྱིས་བརླབས་པའི་བདུག་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། འཇིག་རྟེན་དབང་ཕྱུག་མགོན་པོ་འཇིག་རྟེན་པའི་རྟག་ཏུ་བླ་མར་གྱུར་པའོ། །​སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་རིག་སྔགས་འཆང་རྣམས་ཀྱི་ཁྱད་པར་དུ་དམྱལ་བ་བཅུ་དྲུག་གི་འཇིགས་པ་མི་བཟད་པ་དང་། འཇིགས་པ་ཆེན་པོས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དང་། ཡི་དགས་ཀྱི་སྡུག་བསྔལ་གྱི་འཇིག་པ་ཆེན་པོ་ཆེར་མི་བཟད་པ། རྟག་ཏུ་བཀྲེས་པ་དང་སྐོམ་པས་ཉེན་པ། ཀྱི་ཧུད་ཞེས་སྒྲ་སྒྲོགས་པར་བྱེད་པའི་སྐྲག་པ་དེ་ལ་སྐྱབས་མེད་དོ། །​སེམས་ཅན་ཐམས་ཅད་རྗེས་སུ་བརྩེ་བས་བརྟན་པར་ཀུན་ཏུ་བལྟ་བར་བྱའོ། །​འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་སུ་གསུངས་པ་ནི་བདུག་པའི་རྒྱལ་པོ་བླ་ན་མེད་པའོ། །​བདུག་པ་འདིས་བདུགས་ཏེ། གང་གི་དོན་དུ་མིང་ནས་སྨོས་པ་ཡང་། མ་རུངས་པའམ། ཡང་ན་བྱམས་པ་ཡང་རུང་སྟེ། ཡིད་ལ་བསམས་པ་རྣམས་སྒྲུབ་པར་བྱེད་དོ། །​འདིས་བདུགས་ཏེ་བརྗོད་པ་ཙམ་གྱི་མོད་ལ། འདི་རྣམས་ཐམས་ཅད་རྟག་ཏུ་འགྲུབ་པར་བྱེད་དེ་སྤྱན་རས་གཟིགས་དབང་ཕྱུག་གི་གསུང་དགེ་བའོ། །​གཟའ་ཟླ་བའམ། གཟའ་ཉི་མ་རྒྱུ་སྐར་ཉམ་ང་བ་ལ་གནས་པ། སྒྲ་གཅན་གྱིས་ཟོས་པ་རྣམས་དང་མི་གང་ཡིན་པ་སྐྱེ་བའི་གནོད་པ་དང་། རྒྱལ་པོའམ། ཡང་ན་བུད་མེད་དམ། བློན་པོ་ཆེན་པོ་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། དམངས་རིགས་དང་། རྗེ་རིགས་དང་། སྐྱེ་བོ་གཞན་དང་འགྲོགས་པས་གནོད་པ་དང་། འཐབ་པ་ཉིད་དང་། སྡུག་བསྔལ་མི་བཟད་པས་ཉེ་བར་འཚེ་བ་ལ་བདུག་སྤོས་རྒྱལ་པོས་བདུགས་པས་དེའི་སྐད་ཅིག་ལ་དེ་དག་ཐམས་ཅད་མི་འབྱུང་ངོ་། །བཟའ་བ་དང་བཏུང་བ་ཤིན་ཏུ་ཞིམ་པོ་ཐོབ་སྟེ། གོས་མེད་པའི་སྐྱེ་བོས་གོས་དང་། རྒྱན་དང་། ལྷ་རྫས་ཀྱི་དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། བཞོན་པ་དང་། ཁྲི་དང་། ཉེ་བར་བསྟེན་པ་དང་། ལྷབ་ལྷུབ་ཐམས་ཅད་སྐད་ཅིག་གིས་འབྱུང་སྟེ། གལ་ཏེ་ཡང་དག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6664#UT22084-092-001-6664