སོ་ན་བ་དང་མིག་ན་བ་དང་། ཀླད་པ་ཕྱེད་ན་བ་ལ་འཇམ་ཙམ་བླུགས་པ་ཙམ་གྱིས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་ཕྱིན་ཅད་ནད་གང་ཡང་འབྱུང་བར་མི་འགྱུར། །​གདོན་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ལ་ཞུན་མར་དང་ཡུངས་ཀར་བསྲེས་ཏེ་བདུགས་ན་འདུས་ནས་ཕྱོགས་བཅུར་འབྱེར་ཞིང་ནམ་ཡང་གནས་ཀྱི་ས་ཕྱོགས་དེར་འོང་བར་མི་འགྱུར་རོ། །​རང་གི་ཡིད་ལ་འདོད་པའི་དགོས་པ་གཞན་ཐམས་ཅད་ཀྱང་བྱེད་པར་འགྱུར་རོ། །​དེ་ནས་ལྷ་ཐམས་ཅད་འགུགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་འདྲེན་པ། དེ་བཞིན་གཤེགས་པ་ཐམས་ཅད་སྐུལ་བ། རིག་སྔགས་འཆང་ཐམས་ཅད་ཀྱི་གྲུབ་པའི་མཐའ། གནོད་སྦྱིན་དང་། སྲིན་པོ་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། བརྗེད་བྱེད་དང་། གནོད་སྦྱིན་མོ་རྣམས་དང་། ཡི་དགས་དང་། ཤ་ཟ་དང་། སྐེམ་བྱེད་ཐམས་ཅད་འབྱེར་བར་བྱེད་པ་དང་སྡང་བའི་བདུད་རྣམས་གསོད་པ་ནད་ཐམས་ཅད་ཟློག་པ་གདུག་པའི་དུག་རྣམས་བཟློག་པ་མཆེ་བའི་དུག་དང་གནས་པའི་དུག་དང་། འགྲོ་བའི་དུག་ཐམས་ཅད་ལ་ཐོགས་པ་མེད་པར་འགྲུབ་པ་རིམས་ཐམས་ཅད་འཇོམས་པ་ཁྱད་པར་དུ་རིམས་ཉིན་བཞི་པ་འཇོམས་པ། བཞིན་དང་བར་བྱེད་པའི་གཙོ་བོ་གོས་བདུག་པའི་མཆོག་གསང་སྔགས་དང་བྱད་ཐམས་ཅད་དབང་དུ་བྱེད་པའི་མཆོག་གང་ལ་རྒྱལ་པོ་ཁྲོས་ནས་གཤེད་མས་མཚོན་གཟས་པ་ཡང་བདུག་པ་འདིས་བདུགས་ན་དེ་ཐམས་ཅད་ཞི་བར་འགྱུར་རོ། །​དུག་དང་དུག་སྦྱར་མ་དང་སྲོག་ཆགས་ལུའུ་ཏ་དང་། སྦྲུལ་གྱིས་ཟིན་པ་དང་། སྲོག་ཆགས་གོན་སེ་དང་གཞན་ཡང་སྲོག་ཆགས་སྣ་ཚོགས་དུག་དང་བཅས་པ་མཆོག་ཏུ་མི་བཟད་པ་རྣམས་དང་གལ་ཏེ་ཀླུ་འཇོག་པོས་ཟིན་ན་ཡང་བདུགས་པ་ཙམ་གྱིས་དུག་ཐམས་ཅད་མེད་པར་འགྱུར་རོ། །​ནད་ཀུན་འཕྲོག་པ་གྲུབ་པ་སྟེ། །​སྡིག་པ་ཐམས་ཅད་འཇིག་བྱེད་པ། །​བསོད་ནམས་ཕུང་པོ་ཆེ་དང་མཉམ། །​གྲུབ་པ་ལྷ་རྣམས་ཀུན་གྱིས་མཆོད། །​བརྒྱ་བྱིན་སུམ་ཅུའི་ལྷ་དང་ནི། །​ལྷ་མིན་ལྷན་ཅིག་གཡུལ་འགྱེད་ཚེ། །​བདུག་པ་འདི་ཡིས་བདུགས་པ་དང་། །​ལྷ་མིན་དེ་བཞིན་པ་མ་པར་འགྱུར། །​དྲག་པོ་ཡིས་ནི་སུམ་བརྩེགས་བསྲེགས། །​ཁྱབ་འཇུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6662#UT22084-092-001-6662