འཆང་གཙང་མས་ཁྲུས་ལེགས་པར་བྱས་པ་དྲི་ཆུས་བསངས་ཤིང་བ་ལས་བྱུང་བ་ལྔས་བྱུགས་པ། གོས་གཙང་མ་བགོས་པས་ཁ་ཟས་གཙང་མ་བཟའ་བར་བྱ་ཞིང་ཆང་དང་། ཤ་དང་བིག་བཙོང་དང་། སྒོག་སྐྱ་དང་ཀེའུ་རྣམས་དང་། འདྲེས་པ་དང་། འབགས་པ་རྣམས་ཡོངས་སུ་སྤང་བར་བྱ། ཁ་ཟས་ངན་པ་དང་། བཏུང་བ་ངན་པ་དང་། གོས་ངན་པ་དང་། དྲི་མ་ཅན་ཡོངས་སུ་སྤང་བར་བྱ། སེམས་ཅན་ངན་པ་དང་། རྟེན་པ་དང་། ངན་གཡོ་ཅན་དང་། གསོད་སྐྱེན་ཅན་དང་། སྐྱེ་བོ་ངན་པ་ཅན་དང་། ཁྲེལ་མེད་པ་དང་། སྙིང་རྗེ་མེད་པ་དང་། བྱམས་པ་དང་བྲལ་བ་དང་། ཐུབ་ཆོད་ཅན་གྱི་སྐྱེ་བོ་ངན་པ་ཡོངས་སུ་སྤང་བར་བྱའོ། །​གནས་ངན་པ་དང་། གནས་རྟེན་ངན་པ་དང་། བགོ་མཉེས་དང་། བཟའ་ཉེས་དང་། གྲིབ་མ་ངན་པ་ཡོངས་སུ་སྤང་བར་བྱ། གཅིག་གིས་གཅིག་འབགས་པའི་ཁ་ཟས་ངན་པ་ཡོངས་སུ་སྤང་བར་བྱ་ཞིང་དྲི་དང་བདུག་སྤོས་ཀྱིས་བསངས་ཏེ་མི་སྨྲ་བར་བཟླས་བརྗོད་བྱ། བྱམས་པ་དང་། སྙིང་རྗེ་དང་། དགའ་བའི་སེམས་དང་ཡིད་བདེ་བར་བྱ། བཀྲ་ཤིས་ཚང་བར་བྱ་ཞིང་སྙིང་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་སེམས་སུ་བྱས་ནས་བཟླས་བརྗོད་བྱའོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཨ་ག་རུའི་བདུག་པ་དབུལ་བར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཏུ་རུ་སྐའི་བདུག་པ་དབུལ་བར་བྱ། དཔལ་ལྷ་མོ་ཆེན་མོ་ལ་ཙནྡན་གྱི་བདུག་སྤོས་དབུལ་བར་བྱ་ཞིང་དུས་ཇི་ལྟ་བའི་མེ་ཏོག་དབུལ་བར་བྱ་སྟེ། གསང་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཐམས་ཅད་ལ་དབུལ་བར་བྱའོ། །​ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤ་བི་ལོ་ཀི་ཏེ་གན་དྷ་ས་རེ། ཨ་མོ་གྷ་ཛ་ལ་སམ་བྷ་ར་ཎི་པདྨེ་ས་མ་བྷཱུ་རི་ཏ་ར་ཏ་ར་མུ་དེ་ཏེ་བྷཱུཾ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མེ་ཏོག་དང་བདུག་སྤོས་དང་དྲི་དང་མཆོད་ཡོན་དབུལ་ལོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་སྟོང་རྩ་བརྒྱད་བཟླས། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས། ཁྲོ་བོའི་རྒྱལ་པོ་ལན་གསུམ་བཟླས་ལ་ཨ་ག་རུའི་བདུག་སྤོས་དབུལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6656#UT22084-092-001-6656