བྱེད་མཆོད་པ་དང་བསྙེན་བཀུར་བྱེད་ཅིང་དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་དྲི་ཞིམ་པོ་དང་ལྡན་པའི་ཏིལ་མར་རྒྱ་མཚོ་ཙམ་གྱིས་བཀང་བའི་མར་མེ་བལྟམ་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར། དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། །གལ་ཏེ་དོན་ཡོད་པའི་རྒྱ་མཚོའི་ནོར་བུ་ཆེན་པོ་པདྨ་ལ་རྣམ་པར་བལྟ་བའི་དཔལ་དྲི་མ་མེད་པ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཀློག་པ་དང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱེད་པ་འདི་ནི་བསོད་ནམས་ཀྱི་ཕུང་པོ་དེ་དང་ལྡན་པར་འགྱུར་ཞིང་། དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་སྟོན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར། དཔལ་ལྷ་མོ་ཆེན་མོ་དེ་ཡང་མཆོག་ཐམས་ཅད་སྦྱིན་པར་འགྱུར། དུས་ཀུན་ཏུ་དེའི་ཁྱིམ་དུ་དཔལ་གནས་པར་འགྱུར་ཏེ། །​གང་ན་དཔལ་ལྷ་མོ་ཆེན་མོ་གནས་པ་དེར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་རྡུལ་ཕྲ་མོ་དང་མཉམ་པས་ཕྱོགས་དེ་ཉིད་དུ་གནས་པར་འགྱུར་ཏེ། དཔལ་ལྷ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །​ལྷ་དང་། ཀླུ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོའི་གསང་སྔགས་དང་། ཆོ་ག་ཞིབ་མོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་སྤྱོད་པ་དང་། ལས་སྣ་ཚོགས་གཞན་དག་པས་དཔལ་ལྷ་མོ་ཆེན་མོའི་ལས་མཆོག་ཏུ་སྟོན་ཏོ། །​དཔལ་ལྷ་མོ་ཆེན་མོ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་ཡིན་ནོ། །​དཔལ་ལྷ་མོ་ཆེན་མོ་ནི་དོན་ཡོད་པའི་མཆོག་སྦྱིན་པའོ། །​དོན་ཡོད་པའི་ཞགས་པ་སྦྱིན་པའོ། །​དོན་ཡོད་པའི་གྲགས་པ་རྒྱ་ཆེན་པོ་སྦྱིན་པའོ། །དོན་ཡོད་པའི་ནམ་མཁའི་གཞལ་མེད་ཁང་འཆང་བའོ། །​དོན་ཡོད་པའི་ཡོན་ཏན་བསྒྲགས་པའི་མཆོག་སྦྱིན་པའོ། །​དཔལ་ལྷ་མོ་ཆེན་པོ་ནི་དོན་ཡོད་པའི་ཟླ་བ་དང་། ཉི་མའི་འོད་བྱེད་པ་གནས་སུམ་ཅུ་རྩ་གཉིས་ཀྱི་ནང་ན་དཔལ་ལྷ་མོ་ཆེན་མོ་མཆོག་ཏུ་བསྟན་ཏོ། །​དེ་ནས་རིག་སྔགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6655#UT22084-092-001-6655