གསོར་ཏེ་ནམ་མཁའ་ལ་འཕངས་ན་བདུད་ལ་སོགས་པ་སྡང་བ་ཐམས་ཅད་བཅོམ་པར་འགྱུར་རོ། །​ལས་ཐམས་ཅད་གྲུབ་བ་དང་གསང་སྔགས་ཐམས་ཅད་འགྲུབ་པ་དང་བསམ་པ་ཐམས་ཅད་འགྲུབ་ཅིང་ཡོངས་སུ་རྫོགས་པར་འདོད་པས་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ཏེ་སྟོང་ཉི་ཤུ་བཟླས་ན་གྲུབ་པ་ཆེན་པོར་འགྱུར་རོ། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འདོད་པས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བཟླས་ན། དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བར་འགྱུར་ཏེ། དེ་བཞིན་དུ་སྤོས་ཆུའི་བུམ་པས་དབང་བསྐུར་བར་བྱའོ། །​དེ་བཞིན་གཤེགས་པའི་གཟུགས་བརྙན་སྐུ་གདུང་དང་བཅས་པ་ལ་མིག་གཏད་དེ་ཁྲི་བཟླས་ན་དེ་བཞིན་གཤེགས་པ་ཉིད་འཐོབ་པར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་མནན་ཏེ་ཁྲི་བཟླས་ན་སྤྱན་རས་གཟིགས་དབང་ཕྱུག་དང་འདྲ་བར་འགྱུར་རོ། །​ཕྱག་ན་རྡོ་རྗེ་སྤྱན་དྲང་བར་འདོད་པས། ཕྱག་ན་རྡོ་རྗེའི་ཞབས་མནན་ཏེ་བཟླས་བརྗོད་ལན་སྟོང་བྱས་ནས། གུ་གུལ་གྱི་བདུག་པ་དབུལ་བ་བྱས་ན། འཕགས་པ་ཕྱག་ན་རྡོ་རྗེ་རང་གི་སྐུ་གཟུགས་ཀྱིས་མདུན་ན་འདུག་པར་འགྱུར་རོ། །​ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོ་དྲན་པར་བྱ་ཞིང་ཐམས་ཅད་དུ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིང་བ་བྱས་ན། མ་བསྒྲུབས་མ་བཀླགས་པར་འགྲུབ་ཅིང་ཆོ་ག་ཞིབ་མོ་མཐའ་ཡས་པ་འགྲུབ་པར་འགྱུར་རོ། །​སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ངོ་ཚ་སེས་པ་དང་། བརྩེ་བ་དང་། བྱམས་པ་དང་། ཤེས་རབ་དང་ལྡན་པས་འདི་འགྲུབ་པར་བསྟན་ཏོ། །​གོ་ཆ་བགོས་པ་འགྲུབ་པ་མཆོག་ཐམས་ཅད་གྲུབ་པ་ཐོབ་ཅིང་བསོད་ནམས་ཀྱི་ཕུང་པོས་འབར་བར་འགྱུར་རོ། །​ཐོག་མར་ཁྲོ་བོའི་རྒྱལ་པོ་བཟླས་པས་རྟག་ཏུ་མཚམས་བཅད་པ་དང་ཕྱོགས་བཅིང་བ་དང་ཡུལ་བཅིང་བ་བྱས་ཏེ་སྲུང་བ་མཆོག་ཏུ་དཀོན་པའོ། །​དེ་བཞིན་གཤེགས་པ་དང་རྒྱལ་བའི་བདག་ཉིད་སྐྱེས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་ཞིང་། གོ་ཆ་བགོས་པར་འགྱུར་རོ། །​གལ་ཏེ་དབང་བསྐུར་བར་འདོད་ན་ཡང་རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །​དེ་བཞིན་གཤེགས་པས་བདེན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6631#UT22084-092-001-6631