སྲེག་གིས་སོ། །​མེ་རེངས་པར་བྱ་ན་སེང་ལྡེང་གི་ཤིང་ལ་བཟླས་ཏེ་མེར་བཅུག་ནས་བཟླས་ན་མེ་རེངས་པར་བྱེད་པར་འགྱུར་རོ། །​ཆུ་རེངས་པར་བྱ་ན་ཀ་ལ་ཀིའི་ས་བོན་ཆུའི་ནང་དུ་བཏབ་ན་ཆུ་རེངས་པར་བྱས་པར་འགྱུར་རོ། །​དུག་གཞོམ་ན་རྨ་བྱའི་སྒྲོ་ཡིས་སོ། །​མཚོན་རེངས་པར་བྱ་ན་ཤིང་གནམ་ལྕགས་ཀྱིས་ཚིག་པའི་ཐལ་བ་ལ་བཟླས་ཏེ་གཏོར་ན་མཚོན་ཆ་ཐམས་ཅད་རེངས་པར་འགྱུར་རོ། །​ཏིང་ངེ་འཛིན་བསྒྲུབས་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ཏེ་བཟླས་ན་ཏིང་ངེ་འཛིན་སྟོང་ཐོབ་པར་འགྱུར་རོ། །​ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་འདོད་པའི་རིག་སྔགས་འཆང་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་དེས་བ་ལང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་བ་ཆ་ཤིན་ཏུ་མཛེས་པ་བྱས་ཏེ། ཙནྡན་གྱིས་མཆོད་པར་བྱ་ཞིང་། གུར་གུམ་དང་། གླ་རྩི་དང་། ག་བུར་གྱིས་མཆོད་ནས་མེ་ཏོག་སྣ་ཚོགས་བཀྲམ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་ཕྱོགས་པར་བཞག་ནས། བུམ་པ་སྤོས་ཆུས་བཀང་བ་བཞི་བཞག་ལ། མཆོད་ཡོན་གྱི་སྣོད་བཞི་དང་པོག་ཕོར་བཞི་སྤོས་ཆུའི་བུམ་པའི་དབུས་སུ་གཞག་པར་བྱ་ཞིང་། ཨ་ག་རུའི་བདུག་པ་དབུལ་བར་བྱའོ། །​བུམ་པའི་སྟེང་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞག་པར་བྱ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ་ཞིང་སྤོས་ཀྱི་མར་མེ་བཞི་བལྟམ་པར་བྱ། མཆོད་པ་རྒྱ་ཆེན་པོ་བྱ། བ་དན་གྱིས་བརྒྱན་པར་བྱ་ཞིང་དཀྱིལ་འཁོར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་སྐྱིལ་མོ་ཀྲུང་དུ་འདུག་སྟེ། བཟླས་བརྗོད་སྟོང་རྩ་བརྒྱད་བྱ། ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཞིང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐུ་སྟོན་པར་འགྱུར་རོ། །​དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །​སེམས་ཅན་བརྒྱ་སྟོང་མང་པོ་གདུལ་ན་རིའི་རྩེ་མོར་སྟོང་རྩ་བརྒྱད་བཟླས་པས་སོ། །​སྡང་བ་ཐམས་ཅད་གཞོམ་པར་འདོད་པས་རྡོ་རྗེའམ་མདུང་རྩེ་གསུམ་ལ་ལན་སྟོང་རྩ་བརྒྱད་བཟླས་ཏེ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱས་ཚམ་ངམ་བྱ་ཞིང་ཁྲོ་བོའི་རྒྱལ་པོའི་བསྡིགས་པའི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་ལན་བརྒྱ་རྩ་བརྒྱད་བཟླས་ནས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6630#UT22084-092-001-6630