དེ་དག་ཐམས་ཅད་བསྐྱབ་པའི་ཕྱིར། །​འཇིག་རྟེན་དག་གི་མགོན་པོས་གསུངས། །​འདི་ཡིས་བསྲུང་བ་བྱས་ན་ནི། །​ལྷ་མ་ཡིན་གྱི་གནས་སུ་འཇུག །​དེ་བཞིན་ལྕང་ལོ་ཅན་དང་ནི། །​སྲིན་པོའི་གནས་ཀྱི་སར་ཡང་འགྲོ། །​འབྱུང་པོ་ཀླུ་དང་ཤ་ཟ་རྣམས། །​མི་བཟད་འཇིགས་པའི་གཡུལ་འགྱེད་པར། །​འབྱུང་པོ་ཚོགས་རྣམས་ཐམས་ཅད་དང་། །​དགྲ་བོ་ཅོག་གིས་མི་ཚུགས་སོ། །​མིང་ཙམ་བཟུང་སྟེ་བརྗོད་བྱས་ཀྱང་། །​སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང་། །​མཁའ་འགྲོ་མ་དང་ཤ་ཟ་དང་། །​གདོན་རྣམས་རབ་ཏུ་བརླག་པར་འགྱུར། །སོ་སོར་འབྲང་བའི་གཟི་བརྗིད་ཀྱིས། །​གཟི་ཆེན་མདངས་རྣམས་ཟ་བ་དང་། །​མི་ཡི་སྐྱེ་དགུ་རྣམས་འཚེ་བ། །​དེ་དག་ཐམས་ཅད་རེངས་བྱེད་འགྱུར། །​བྱད་སྟེམས་མི་བཟད་གང་ཡིན་དང་། །​ཕ་རོལ་དམག་ཚོགས་ཕུང་བར་བྱེད། །​སྔགས་ཀྱི་ལས་ཀྱིས་གནོད་མི་འགྱུར། །​རྩ་བའི་ལས་ལས་རྣམ་པར་གྲོལ། །​དུག་དང་དུག་སྦྱར་མེས་མི་ཚུགས། །​མཚོན་དང་ཆུས་ཀྱང་ཚུགས་མི་འགྱུར། །​ལྕེ་འབབ་གློག་གིས་མི་ཚུགས་ཏེ། །​དུས་ཀྱི་རླུང་གིས་གནོད་མི་འགྱུར། །​རིག་པའི་རྒྱལ་མོའི་གཟི་བརྗིད་ཀྱིས། །​དགྲ་ཀུན་རབ་ཏུ་འཇོམས་པར་འགྱུར། །​དེ་ཡིས་དོན་རྣམས་ཐམས་ཅད་འགྲུབ། །​རྟག་ཏུ་རྒྱལ་བ་ཐོབ་པར་འགྱུར། །​གང་གིས་རྟག་ཏུ་མགུལ་པའམ། །​ལག་པར་རིག་པ་བཏགས་ན་ནི། །​དེ་ཡི་དགོས་པ་ཡོད་དོ་ཅོག །​འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །​བྱང་ཆུབ་སེམས་དཔའ་ཆེན་པོ་དང་། །​སངས་རྒྱས་རྣམས་དང་རང་འདྲེན་དང་། །​དེ་བཞིན་ཀླུ་ཡི་རྒྱལ་པོ་དང་། །​ལྷ་དབང་རྣམས་ནི་རྟག་ཏུ་བསྲུང་། །​སོ་སོར་འབྲང་བའི་གཟུངས་འཛིན་ལ། །​ཉན་ཐོས་སངས་རྒྱས་ཐམས་ཅད་དང་། །​རིག་པའི་ལྷ་མོ་རྫུ་འཕྲུལ་ཆེ། །​རྟག་ཏུ་སྲུང་བ་བྱེད་པར་འགྱུར། །ལག་ན་རྡོ་རྗེ་གནོད་སྦྱིན་དབང་། །​དེ་བཞིན་རྒྱལ་པོ་བཞི་རྣམས་ཀྱང་། །​དེ་ལ་ཉིན་དང་མཚན་རྣམས་སུ། །​སྲུང་བར་བྱེད་དེ་ཐེ་ཙོམ་མེད། །​བརྒྱ་བྱིན་ལྷ་དང་བཅས་པ་དང་། །​ཚངས་པ་ཁྱབ་འཇུག་དབང་ཆེན་དང་། །​དགའ་བའི་དབང་པོ་ནག་པོ་ཆེ། །​སྨིན་དྲུག་བུ་དང་ཚོགས་ཀྱི་དབང་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561/UT22084-090-005-663#UT22084-090-005-663