ཡང་གཅོད་མི་བགྱིད། །​ལྕགས་སྡོང་ཤལ་མ་རི་ཡང་ཆག །​ལྕགས་ཟངས་ཐམས་ཅད་རབ་ཏུ་ཞི། །​རལ་གྲི་ལོ་མ་ཅན་ནགས་ན། །​ལས་སྐྱེས་ལོ་མ་གནོད་མི་འགྱུར། །​ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཁྱོད། །​མི་རྣམས་ལ་ནི་ཆོས་ཀྱི་སྟོན། །​རྒྱུ་འདི་མི་ཆུང་བདག་ཅག་ལ། །​ཁྱོད་ཀྱིས་བརྗོད་པར་མཛད་པའི་རིགས། །​དེ་ནས་ཆོས་ཀྱི་བདག་ཉིད་ཅན། །​ཆོས་ངེས་ཆོས་ཀྱི་རྒྱལ་པོ་དེས། །​སྙིང་རྗེའི་བསམ་པ་ཉམས་རྣམས་ཀྱི། །​འདི་འདྲའི་ཚིག་དེ་ཐོས་གྱུར་ནས། །​མྱུར་དུ་འདི་ནི་ཅི་ཡིན་སྨྲོས། །​འདི་ནི་ཅི་འདྲ་ཡང་སྨྲོས་ཤིག །དེ་ནས་མི་བཟད་གཤིན་རྗེའི་མི། །​གནོད་པའི་རྒྱུན་ཅན་དེ་དག་གིས། །​ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ། །​འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །​མནར་མེད་རབ་ཏུ་ཉམ་ང་བར། །​སེམས་ཅན་ཆེན་པོ་འདི་སྐྱེས་ལྷ། །​གང་གི་མིང་ནི་མནར་མེད་པ། །​དེས་ན་དེ་ནི་ཉམ་ངར་བརྗོད། །གང་གིས་སེམས་ཅན་བདེ་བགྱིས་པ། །​རྣམ་པ་སྣ་ཚོགས་ལས་ལ་གཟིགས། །​འདི་ནི་ཀུན་ཏུ་བདེ་གྱུར་ནས། །​སླར་ཡང་ལྷ་ཡི་གནས་སུ་མཆིས། །​ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ཀྱང་། །​མཐོང་ནས་ངོ་མཚར་སྨྲས་པ་ནི། །​འདི་ནི་རྫུ་འཕྲུལ་ཆེ་བ་སྟེ། །​འདི་ནི་ཚེ་རབས་སྔ་ལུས་ཚེ། །​ཅི་ལྟར་སྐུ་གདུང་བརྒྱ་མང་པོས། །​སྟོན་པའི་མཆོད་རྟེན་མཛེས་པ་ལྟར། །​སོ་སོར་འབྲང་བ་མགུལ་བཏགས་པས། །​དེ་ཡི་ལུས་ནི་དེ་བཞིན་མཛེས། །​དེ་ནས་སེམས་ཅན་དམྱལ་བའི་སྲུང་མ་གནོད་སྦྱིན་དེ་དག་གིས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །​ལྷ་ཅི་ལྟར་ན་འདི་སོ་སོར་འབྲང་བ་ཞེས་བགྱི། ཆོས་ཀྱི་རྒྱལ་པོས་སྨྲས་པ། གང་གི་ཚིག་རྣམས་སོ་སོར་དྲན། །​དེ་ནི་ངན་འགྲོར་འགྲོ་མི་འགྱུར། །​སོ་སོར་འབྲང་བ་བསྒོམས་པ་ཡི། །​ཤེས་རབ་ཅན་དེ་བདེ་འགྲོར་འགྲོ། །​སེམས་ཅན་དམྱལ་བའི་སྲུང་མ་ཁྱེད། །རབ་ཏུ་རྒྱས་དང་ལྡན་པར་དོང་། །​དེར་ནི་སྒང་བུ་མཐོན་པོ་ལ། །​ལྷ་རྣམས་ཀྱིས་ནི་བསྐོར་བ་ལྟོས། །​དེ་མཐོང་སེམས་ཅན་ཐམས་ཅད་ལ། །​བྱམས་པའི་སེམས་སུ་འགྱུར་བར་གྱིས། །​དེ་ནས་གཤིན་རྗེའི་མི་དེ་དག་དེ་ཉིད་ཀྱི་ནུབ་མོ་རྒྱས་པ་དང་ལྡན་པར་དོང་ངོ་། །​དེ་ཚེ་དེར་ནི་དེ་དག་གིས། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561/UT22084-090-005-674#UT22084-090-005-674