སློང་མ་དད་པ། དེ་བཞིན་གཤེགས་པའི་རིགས་ལ་བསླབ་པ་འདྲལ་བ། མ་བྱིན་པར་ལེན་པ། བཟའ་བ་འདུ་བའི་སྒོ་འཕྲོག་པ། དགེ་འདུན་གྱི་དང་། ཕྱོགས་བཞི་དང་། ཚོགས་ཀྱི་རྫས་སུ་གྱུར་པ་དེ་ཐམས་ཅད་གང་དག་གིར་བྱིན་གྱིས་བརླབས་ཏེ་ཟ་བ་ཞིག་དུས་གཞན་ཞིག་ན་ནད་ཚབས་ཆེན་པོས་བཏབ་པ་དང་། སྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་ངོ་། །​ཉོན་མོངས་ཏེ་སྐྱབས་མེད་དཔུང་གཉེན་མེད་ནས་ཀུ་ཅོའི་སྒྲ་ཆེན་པོ་འབྱིན་ཏོ། །​བྲམ་ཟེ་ཆེན་པོ་དེ་ནས་ཕྱོགས་དེ་ན་དགེ་བསྙེན་ཞིག་གནས་པ་དེས་སྒྲ་དེ་ཐོས་སོ། །​ཐོས་ནས་ཀྱང་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་བྲིས་ཏེ། དགེ་སློང་དེའི་མགུལ་དུ་བཏགས་སོ། །​རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་དགེ་སློང་དེའི་མགུལ་དུ་བཏགས་མ་ཐག་ཏུ་ཚོར་བ་ཐམས་ཅད་ནི་རབ་ཏུ་ཞི། ནད་ཐམས་ཅད་ལས་ནི་ཡོངས་སུ་ཐར་ཏེ། སོས་པར་གྱུར་ནས་དེའི་མཚན་མོ་ཟད་པ་དང་། དྲན་པ་ཤིན་ཏུ་ཉེ་བར་བཞག་སྟེ་འཆི་བའི་དུས་བྱས་སོ། །​ལུས་དེ་བོར་བ་དང་། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །​དེའི་རོ་དེ་ཡང་དགེ་སློང་དག་གི་སྒང་བུ་ཞིག་ལ་བཞག་གོ། །​རིག་པ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་དེ་ཡང་དེའི་མགུལ་དུ་བཏགས་པ་བཞིན་དུ་གནས་སོ། །​དགེ་སློང་དེ་མནར་མེད་པ་དེར་སྐྱེས་མ་ཐག་ཏུ་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རབ་ཏུ་ཞི་ནས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ཐམས་ཅད་བདེ་བ་ཐམས་ཅད་ཀྱིས་ཚིམ་པར་གྱུར་ཏོ། །​མཚམས་མེད་པའི་མེའི་ཕུང་པོ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་ཞི་བར་གྱུར་ཏོ། །​དེ་ནས་གཤིན་རྗེའི་མི་དེ་དག་ཐམས་ཅད་ངོ་མཚར་སྐྱེས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ངེས་པའི་ཚིག་འདི་དག་རྒྱས་པར་བརྗོད་དོ། །སེམས་ཅན་ལས་ལས་སྐྱེས་པ་ཡི། །​སྡུག་བསྔལ་མི་བཟད་རབ་ཏུ་ཞི། །​ཤིན་ཏུ་ངོ་མཚར་འདི་ནི་ལྷ། །​སེམས་དམྱལ་ཉམ་ང་རྣམས་ན་གདའ། །​ལུས་ཅན་ལུས་ལ་རྟག་གནས་པའི། །​མེ་མ་མུར་དེ་རབ་ཏུ་ཞི། །​སོག་ལེ་རྣམས་ཀྱིས་གཤེགས་མ་མཆིས། །​སྤུ་གྲིའི་སོས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561/UT22084-090-005-673#UT22084-090-005-673