དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་སྟེ། དེ་ནི་དཔེར་ན་སྨན་པ་མཁས་པའི་མཆོག་ཏུ་ཕྱིན་པ། གསོ་བ་ལ་བརྩོན་པ། སྨན་པས་ཤེས་པར་བྱ་བ་ཤིན་ཏུ་བསླབས་པ་རྒྱལ་པོ་གཅིག་གི་དོན་དུ་བྱུང་བ་མ་ཡིན། ཡུལ་གཅིག་གི་དོན་དུ་བྱུང་བ་མ་ཡིན་པ་ནས་སེམས་ཅན་གཅིག་གི་དོན་གྱི་བར་དུ་བྱུང་བ་མ་ཡིན་པ་དང་འདྲའོ། །​དེ་ཅིའི་ཕྱིར་ཞེ་ན། ཕྱོགས་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་དེ་དག་ཏུ་མི་རྣམས་དང་། མི་མ་ཡིན་པ་དེ་དག་ཀྱང་རྣམ་པར་འཚེ་བར་མི་བྱ་བར་སེམས་ཀྱིས། ང་ཡང་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་བ་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་ཀྱང་བྱས་པར་འགྱུར། སངས་རྒྱས་ཀྱི་མཛད་པ་ཡང་བྱས་པར་འགྱུར་རོ་སྙམ་དུ་དགོངས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བགོས་ནས་ལྷུང་བཟེད་བསྣམས་ཏེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་། ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་གཤེགས་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པས་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་གཡས་རོལ་ནས་ཕུལ་ལོ། །​ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །​ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་གཡོན་རོལ་ནས་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །​རྒྱལ་པོ་ཆེན་པོ་བཞིས་ཀྱང་རེ་རེ་ཞིང་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་སྣམ་ལོགས་ནས་ཕུལ་ནས། བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །​ལྷའི་བུ་དབང་ཕྱུག་ཆེན་པོ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་དང་། འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་བཅས་པས་ཀྱང་སོ་སོ་ནས་ལྷའི་གདུགས་དག་བླངས་ཏེ། ཉན་ཐོས་རྣམས་ལ་ཕུལ་ནས་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh558/UT22084-090-002-816#UT22084-090-002-816