རྒྱལ་པོ་ཆེན་པོ་ཁྱོད་ཡང་ལེགས་སོ་ལེགས་སོ། །​འདི་ལྟ་སྟེ་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ་ཆོས་དང་ལྡན་པ་ཆོས་སྨྲ་བ་ཆོས་ཀྱིས་ལྷ་དང་མི་རྣམས་ཀྱི་རྒྱལ་པོ་བྱས་པའོ། །འདི་ལྟ་སྟེ་ཁྱོད་ནི་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། བདེ་བ་དང་བྱམས་པའི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ལ་ཞུགས་པ། མི་ཕན་པ་ཐམས་ཅད་འགོག་པ། སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་ཉེ་བར་བསྒྲུབ་པར་བརྩོན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས། མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པ་དང་རིམ་གྲོ་བྱེད་པར་བརྩོན་པ་དེ་དག་ལ་ཀུན་ཏུ་བསྲུང་བར་གྱིས་ཤིག །​ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །​དེ་ནས་རྒྱལ་པོ་ཆེན་པོ་དཔུང་དང་། གཡོག་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པ་ཁྱེད་བཞིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་ཚུལ་ཀུན་ཏུ་བསྲུང་བར་འགྱུར་རོ། །​ཡོངས་སུ་བསྐྱང་བ་དང་ཡོངས་སུ་གཟུང་བར་ཡང་འགྱུར་རོ། །​དེ་ནས་རྒྱལ་པོ་ཆེན་པོ་དཔུང་དང་། གཡོག་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པ་ཁྱེད་བཞི་ལྷ་དང་ལྷ་མ་ཡིན་དུ་གཡུལ་འགྱེད་པ་ན་རྒྱལ་བར་འགྱུར་རོ། །​ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ། །​འདི་ལྟར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་འདུལ་བར་བྱེད་པ་འདིའི་ཕྱིར། དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ། དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག །​ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །​དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1873#UT22084-090-001-1873