བཤད་ན། ཆོས་ཉན་པ་ཆོས་བདུད་རྩིའི་ཁུ་བ་འདིས། བདག་ཅག་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་བཞི་ལྷའི་ལུས་འདི་གཟི་བརྗིད་ཆེན་པོས་རྣམ་པར་འཕེལ་བར་འགྱུར་རོ། །​བདག་ཅག་གི་ལུས་ལ་བརྩོན་པ་དང་སྟོབས་དང་མཐུ་ཡང་སྐྱེད་པར་འགྱུར། གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་ཡང་དེ་དག་གི་ལུས་ལ་འཇུག་པར་འགྱུར་རོ། །​བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ནི་ཆོས་དང་ལྡན་པ་ཆོས་སྨྲ་བ་ཆོས་ཀྱི་རྒྱལ་པོ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་དྲི་ཟ་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་རྒྱལ་པོ་བགྱིའོ། །​འབྱུང་པོའི་ཚོགས་མི་བཟད་པ་སྙིང་རྗེ་མ་མཆིས་པ་གཞན་གྱི་མདངས་འཕྲོག་པ་རྣམས་བཟློག་པར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྟག་པར་རྒྱུན་དུ་ལྷའི་མིག་རྣམ་པར་དག་པ། མི་ལས་འདས་པས་འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་འཇིག་རྟེན་སྐྱོང་ཞེས་མིང་དུ་ཆགས་སོ། །​བཙུན་པ་བཅོམ་ལྡན་འདས་གང་སུ་དག་འཛམ་བུའི་གླིང་འདིར། ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར་རམ། མུ་གེའི་གནོད་པའམ། ནད་ཀྱི་གནོད་པའམ། གནོད་པ་སྣ་ཚོགས་བརྒྱ་དང་གནོད་པ་སྟོང་དང་གནོད་པ་བརྒྱ་ཕྲག་སྟོང་དག་གིས་གཙེས་པར་འགྱུར་བ་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བསྐུལ་བ་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་ནམ་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་རྫུ་འཕྲུལ་དང་བྱིན་གྱི་རླབས་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བཀུར་བ་ན། ཡུལ་གང་དང་གང་དུ་མཆི་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡུལ་དེ་དང་དེ་དག་ཏུ་རྒྱ་ཆེར་ཡང་དག་པར་སྟོན་པར་འགྱུར་ཏེ། གང་གནོད་པ་སྣ་ཚོགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh557/UT22084-090-001-1871#UT22084-090-001-1871