ཏ་རབྷན་དྷེ། ཨན་ཏ་ར་ཏ་བྷ་ཏི་ཤི་ཙ། ཧ་སི་ར། མ་ཁ་ལི། ཨཱི་ནི་སམ་བྷ་རེ། ཏི་ཤྠ་སིཏྟ་ར་ནི། ཀུ་བྷུ་ལོ་ཙ་ཏེ། གཞན་ཡང་རྒྱལ་པོ་རྣམ་ཐོས་བུ། །​ཡུལ་འཁོར་སྲུང་ནི་ལ་སོགས་པས། །​ཁྱད་འཕགས་སྒྲ་ནི་གྲངས་མེད་ཀྱིས། །​བདེན་པའི་སྔགས་ཚིག་རབ་ཏུ་སྨྲས། །​ཚད་མེད་སྒྲ་ནི་དེ་དག་ཀྱང་། །​བདེ་གཤེགས་རྫུ་འཕྲུལ་དབང་གིས་བྱུང་། །​རྫུ་འཕྲུལ་དག་ནི་ཚད་མེད་པས། །​བསྟན་པ་དག་ཀྱང་ཚད་མེད་པས། །​རེས་འགའ་སངས་རྒྱས་མེད་ཞིང་དུ། །​རྫུ་འཕྲུལ་རོལ་བའི་སྟོབས་དག་གིས། །​འཁོར་བསྐོར་སངས་རྒྱས་སྐུ་སྟོན་པ། །ད་ལྟར་མཐོང་བ་ཇི་བཞིན་ནོ། །​བསམ་གྱིས་མི་ཁྱབ་ཞིང་དག་ཏུ། །​སྤྲུལ་པ་ཚད་མེད་སྟོན་མཛད་པས། །​བལྟམས་ནས་གོམ་པ་བདུན་གཤེགས་དང་། །​རྒྱལ་སྲིད་སྤངས་ནས་རབ་བྱུང་དང་། །​བྱང་ཆུབ་སྙིང་པོར་སངས་རྒྱས་ནས། །​བརྙེས་པའི་ཆོས་དག་རབ་དགོངས་ཏེ། །​ཆོས་ཀྱི་འཁོར་ལོ་སྐོར་མཛད་དང་། །​མྱ་ངན་འདས་པ་སྟོན་པར་མཛད། །​རྫུ་འཕྲུལ་གྱི་ནི་སྟོབས་དག་གིས། །​སྣ་ཚོགས་ཆོས་ནི་སྟོན་མཛད་པས། །​སེམས་ཅན་དག་ནི་ཚད་མེད་རྣམས། །​ཁྱད་འཕགས་ཡེ་ཤེས་གྲུབ་པར་མཛད། །​དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །​ཚངས་པའི་འཁོར་གྱིས་ཡོངས་བསྐོར་ནས། །​བྱམས་ཆོས་བསྒོམ་པ་བཤད་བསྟན་པས། །​བྱམས་པའི་སེམས་ནི་འཕེལ་བར་མཛད། །​དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །​ལྷ་རྣམས་ཀྱིས་ནི་ཡོངས་བསྐོར་ནས། །​བསྡུ་བའི་དངོས་བཞི་བསྟན་མཛད་པས། །​བསྡུ་བའི་སྤྱོད་བཞི་འཕེལ་བར་མཛད། །​དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །​ཀླུ་རྣམས་ཀྱིས་ནི་ཡོངས་བསྐོར་ནས། །​ཞེ་སྡང་ཉེས་དམིགས་བཤད་བསྟན་པས། །​ཞེ་སྡང་སེམས་ནི་སྤངས་པར་གྱུར། །​དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །​གནོད་སྦྱིན་རྣམས་ཀྱིས་ཡོངས་བསྐོར་ནས། །​རྣམ་འཚེ་ཉེས་དམིགས་བཤད་བསྟན་པས། །​རྣམ་འཚེ་སེམས་ནི་སྤངས་བར་གྱུར། །​དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །​ལྷ་མ་ཡིན་གྱིས་ཡོངས་བསྐོར་ནས། །​འཐབ་པའི་ཉེས་དམིགས་བཤད་བསྟན་ཏེ། །​བཟོད་པ་བསྒོམས་པའི་བསྔགས་པ་བརྗོད། །​དེ་ཚེ་ཐུགས་རྗེ་ཆེན་པོ་ཡིས། །​ནམ་མཁའ་ལྡིང་གིས་ཡོངས་བསྐོར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1780#UT22084-040-006-1780