མཁའ་ལས་སྒྲ་ཐོས་པས། །​བཅོམ་ལྡན་སྐུ་དང་སྐྱེ་གནས་དང་། །​གདུང་རྒྱུད་དང་ནི་གསུང་སྒྲ་རྣམས། །​ཁྱད་པར་འཕགས་པའི་བསྔགས་པ་བརྗོད། །​སེམས་ཅན་འགྲོ་བ་ཇི་ལྟ་བར། །​རྫུ་འཕྲུལ་དག་ཀྱང་ཅི་རིགས་བཤད། །​མིག་དང་རྣ་བ་སྣ་ལྕེ་ལུས། །གཟུགས་དང་སྒྲ་ལ་སོགས་པ་དང་། །​བསྐུམ་པ་དང་ནི་བརྐྱང་བ་དག །​སྟོན་པར་མཛད་པ་ཁྱད་པར་འཕགས། །​བཅོམ་ལྡན་འཇིག་རྟེན་འདས་པས་ན། །​འཇིག་རྟེན་སྒྲོན་མ་རབ་མཛད་ཅིང་། །​གཟུགས་ནི་མང་པོ་སྟོན་པ་ཡང་། །​ཐམས་ཅད་སངས་རྒྱས་རྫུ་འཕྲུལ་ཡིན། །སྣོད་དང་སྣོད་མིན་དེ་རྗེས་སུ། །​མི་འཐུན་ཆོས་ནི་སྟོན་མཛད་པས། །​སེམས་ཅན་ཚེ་རབས་ཚད་མེད་ནས། །​སངས་རྒྱས་མཆོད་པ་མ་བྱས་ཤིང་། །​དམུ་རྒོད་གདུལ་བར་དཀའ་བ་ལ། །​སེམས་ཅན་དམྱལ་བར་བཤད་པར་མཛད། །​གང་ཞིག་ལས་ལམ་རྨོངས་གྱུར་ཅིང་། །ལྟ་ལ་བརྟེན་ནས་སྤྲོས་དགའ་བ། །​བཅོམ་ལྡན་དེ་དག་ལྟ་བ་དང་། །​སྤྲོས་པ་ཞི་བའི་སྒྲ་ཐོས་མཛད། །​གཞན་ཡང་མཁའ་ལས་ངོ་བོ་ཉིད། །​ངེས་པ་ཉིད་དུ་སྟོང་པ་དང་། །​འགྲོ་འོང་མེད་ཅིང་མཚན་མེད་དང་། །​ཅི་ཡང་མེད་པའི་སྒྲ་ཡང་ཐོས། །​གཞན་ཡང་སེམས་ཅན་བརྒྱ་སྟོང་དག །​མཁའ་ལས་ཤ་དང་ཤེས་རབ་སྤྱན། །​དེ་བཞིན་ཆོས་ཀྱི་སྤྱན་བར་དུ། །​ཡང་དག་སྟོན་པའི་སྒྲ་ཡང་ཐོས། །​བཅོམ་ལྡན་རྫུ་འཕྲུལ་སྟོབས་ཀྱིས་ནི། །​ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྒྲ། །​རྣམ་གྲོལ་རྣམ་གྲོལ་མཐོང་བའི་སྒྲ། །​སྟོན་པ་དག་ཀྱང་ཐོས་པར་གྱུར། །​སེམས་ཅན་དག་ནི་ཇི་སྙེད་ལ། །​ཇི་བཞིན་རྫུ་འཕྲུལ་རབ་བསྟན་ནས། །​ཇི་ལྟར་རྗེས་འཐུན་སྒྲ་སྐད་ཀྱིས། །​ཡང་དག་ཆོས་ནི་བསྟན་པར་མཛད། །​སེམས་ཅན་ལ་ལ་གང་ཞིག་ནི། །​སྦྱིན་དང་ཚུལ་ཁྲིམས་བཟོད་བསྒྲུབ་མོས། །​རྫུ་འཕྲུལ་མོས་པ་ཇི་ལྟ་བཞིན། །སྦྱིན་དང་ཚུལ་ཁྲིམས་བཟོད་སྒྲ་སྟོན། །​བཅོམ་ལྡན་རྫུ་འཕྲུལ་སྟོབས་ཀྱིས་ནི། །​སེམས་ཅན་དབང་པོ་ཇི་ལྟ་བཞིན། །​རྒྱ་ཆེར་ཡང་དག་འབྱེད་མཛད་པས། །​ལེན་འཛིན་སྟོན་ལ་དགོད་པར་མཛད། །​བཅོམ་ལྡན་རྫུ་འཕྲུལ་སྟོབས་ཀྱིས་ནི། །​ཕུང་པོ་ཁམས་དང་སྐྱེ་མཆེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1778#UT22084-040-006-1778