དུ་ཡང་། །​དེ་བཞིན་དུ་ནི་རིག་པར་གྱིས། །​རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ནས། །​སྒྲ་དང་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ།​། །​།བམ་པོ་བཞི་པ། བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །​སེམས་ཅན་དག་ནི་ཚད་མེད་སྙེད། །​མཁའ་ལས་ཆོས་བསྟན་སྒྲ་ཐོས་པས། །​མིག་ཟད་མཐའ་ཡི་ཤེས་པ་ཐོབ། །​བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །​སེམས་ཅན་དག་ནི་ཚད་མེད་སྙེད། །​མཁའ་ལས་ཆོས་བསྟན་སྒྲ་ཐོས་པས། །​མིག་གི་རང་བཞིན་རྟོགས་པར་གྱུར། །​སྟོང་དང་བདག་མེད་རབ་རྟོགས་པས། །​ཐམས་ཅད་རྣམ་དག་མིག་ཐོབ་འགྱུར། །​རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ནས། །​སྒྲ་དང་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​འདོད་སྡང་གཏི་མུག་ཁོང་ཁྲོ་དང་། །​ང་རྒྱལ་ཁེངས་དང་གཡོ་སྒྱུ་ནས། །​བག་མེད་པ་ཡི་བར་དུ་ཡང་། །​དེ་བཞིན་དུ་ནི་རིག་པར་གྱིས། །​བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །​སེམས་ཅན་དག་ནི་ཚད་མེད་སྙེད། །​སྟེང་གི་ནམ་མཁའ་དག་ལས་ནི། །​སངས་རྒྱས་མཚན་ནི་སྣ་ཚོགས་ཐོས། །​ཁ་ཅིག་འདོད་ཆགས་འཇིགས་པ་ཡི། །​དཔེ་ཟླ་མེད་པ་མིང་ཡང་ཐོས། །​ཁ་ཅིག་ཞེ་སྡང་འཇིགས་བྱེད་ཅིང་། །​འཇིག་རྟེན་ཕན་འདོགས་མིང་དག་ཐོས། །​ཁ་ཅིག་གཏི་མུག་རབ་རྟོགས་ཤིང་། །​ང་རྒྱལ་འདུལ་བའི་མིང་དག་ཐོས། །​ཁ་ཅིག་འཇིག་རྟེན་དག་ལ་ནི། །​རབ་ཞི་སྟོན་པའི་འདྲེན་མིང་ཐོས། །​ཁ་ཅིག་ཤེས་རབ་དག་བསྟན་ནས། །​འཇིག་རྟེན་ཕན་འདོགས་མིང་དག་ཐོས། །​ཁ་ཅིག་ཐབས་དག་རབ་བསྟན་ནས། །​སེམས་ཅན་ཕན་འདོགས་མིང་དག་ཐོས། །​ཁ་ཅིག་བདུད་ནི་རབ་བཏུལ་ཀྱང་། །​འཁོན་འཛིན་མེད་པའི་མིང་དག་ཐོས། །​ཁ་ཅིག་གསུང་རབ་ཆོས་དག་གིས། །​རྣམ་གྲོལ་བསྟན་པའི་མིང་དག་ཐོས། །​ཁ་ཅིག་སེམས་ཅན་སྡུག་བསྔལ་བ། །​རྒྱ་ཆེར་སྒྲོལ་བའི་མིང་དག་ཐོས། །​ཁ་ཅིག་མི་ཡི་གཙོ་བོ་ཡིས། །​འཇིག་རྟེན་སྒྲོལ་བའི་མིང་དག་ཐོས། །​མིང་ནི་དེ་དག་ཐོས་གྱུར་ནས། །​ཐམས་ཅད་རྣམ་དག་མིག་ཐོབ་གྱུར། །​ནམ་མཁའ་དང་ནི་རྒྱ་མཚོའི་ཆུ། །​རི་རབ་ལྷུན་པོའི་བར་དུ་ཡང་། །​ཐམས་ཅད་གཞལ་དུ་རུང་སྲིད་ཀྱི། །​སངས་རྒྱས་མཁྱེན་པ་ཐུབ་མི་འགྱུར། །​གང་ཞིག་མིག་ཟད་ངེས་པ་ཐོབ་གྱུར་ན། །​ཆོས་སྐུ་མངོན་པར་འགྲུབ་པ་དཀའ་མི་འགྱུར། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1774#UT22084-040-006-1774