པ་མེད་པའི་ཕྱིར། །​སངས་རྒྱས་མཁྱེན་པ་ཐོགས་མེད་འཐོབ། །​རྣ་བ་སྣ་ལྕེ་ལུས་དང་ཡིད། །​གཟུགས་སྒྲ་དྲི་རོ་རེག་བྱ་ནས། །​སྒྲ་དང་མིང་གི་བར་དུ་ཡང་། །​ཐམས་ཅད་དེ་བཞིན་སྦྱར་བར་བྱ། །​བཅོམ་ལྡན་གྲོང་ཁྱེར་གཤེགས་པའི་ཚེ། །​སེམས་ཅན་དག་ནི་བརྒྱ་སྟོང་སྙེད། །​མཁའ་ལས་ཆོས་བཤད་སྒྲ་ཐོས་པས། །​སངས་རྒྱས་ཡོན་ཏན་ཐེ་ཚོམ་མེད། །​ཁ་ཅིག་འདོད་ཆགས་སེམས་བྱུང་ཡང་། །​སངས་རྒྱས་ཡེ་ཤེས་འཇིགས་མི་བྱེད། །​གང་ཞིག་འདོད་ཆགས་སེམས་བྱུང་ཡང་། །​སངས་རྒྱས་ཡོན་ཏན་སྟོར་མ་གྱུར། །​ཁ་ཅིག་འདོད་ཆགས་སེམས་བྱུང་ཡང་། །​བླ་མེད་ཡེ་ཤེས་ཚོལ་བྱེད་ཅིང་། །​མ་འདྲེས་ཆོས་ནི་བསྒྲུབ་པ་དང་། །​ཉན་ཐོས་ཐེག་པ་མོས་མི་བྱེད། །​བྱིས་པ་བསམ་གཏན་སྒོམ་བྱེད་ཀྱང་། །​བསམ་གཏན་བདེ་ལ་མོས་པས་ན། །​མངོན་པའི་ང་རྒྱལ་རབ་བསྐྱེད་ནས། །​དགེ་སྦྱོང་འབྲས་བུ་ཐོབ་སྙམ་སེམས། །​བྱིས་པ་བསམ་གཏན་སྒོམ་བྱེད་ཀྱང་། །​མི་ཟད་མཐའ་ཡི་ཤེས་མེད་ན། །​བསྐལ་པ་བརྒྱ་སྟོང་སྒོམ་བྱེད་ཀྱང་། །​དེ་ལ་རྣམ་གྲོལ་ཅི་ཡང་མེད། །​སྐྱེ་བ་ལེན་པ་ཐམས་ཅད་ནི། །​དེ་ལ་ཞེན་ཆགས་སྐྱེད་པར་བྱེད། །​གལ་ཏེ་སྐྱེ་ཉིད་སྟོང་རིག་ན། །​མཐོང་བ་རྣམས་ནི་རྣམ་དག་འགྱུར། །​གང་ཞིག་བསམ་གཏན་བཞི་བསྒྲུབས་ཀྱང་། །​མིག་ཟད་མཐའ་ཤེས་མེད་གྱུར་ན། །​བསྐལ་པ་བརྒྱ་སྟོང་ལོན་ཡང་ནི། །​བསམ་གཏན་ཡོངས་སུ་དག་མི་འགྱུར། །​གང་ཞིག་ཉེར་བསྡོགས་ཐོབ་གྱུར་ཀྱང་། །​ཟད་མཐའ་ཤེས་པ་འཐོབ་མི་འགྱུར། །​ཟད་པ་ཐོབ་པ་མ་ཤེས་ཕྱིར། །​ཟག་པ་ཐོབ་ལ་རྟག་ཏུ་སྤྱོད། །​གང་ཞིག་འདུ་ཤེས་ཞེན་བྱེད་པ། །​འདུ་ཤེས་ཟད་མཐའི་ཤེས་པ་མེད། །​འདུ་ཤེས་ཟད་པ་མ་ཤེས་ཕྱིར། །​རྟག་ཏུ་འདུ་ཤེས་ཟག་ལ་སྤྱོད། །གང་ཞིག་འཇིག་རྟེན་ཞེན་ཆགས་པ། །​འཇིག་རྟེན་ཟད་མཐའ་ཤེས་པ་མེད། །​འཇིག་རྟེན་ཟད་མཐའ་མ་ཤེས་ཕྱིར། །​རྟག་ཏུ་འཇིག་རྟེན་ཟག་ལ་སྤྱོད། །​གང་ཞིག་ཟག་བཅས་སེམས་ལ་གནས། །​སེམས་ཟད་མཐའ་ཡི་ཤེས་པ་མེད། །​སེམས་ཟད་པ་ནི་མ་ཤེས་ཕྱིར། །​རྟག་ཏུ་སེམས་ནི་ཟག་ལ་སྤྱོད། །​གང་ཞིག་ཟག་བཅས་ཆོས་ལ་གནས། །​ཆོས་ཟད་མཐའ་ཡི་ཤེས་པ་མེད། །​ཆོས་ཟད་པ་ནི་མ་ཤེས་ཕྱིར། །​རྟག་ཏུ་ཟག་བཅས་ཆོས་ལ་སྤྱོད། །​སྦྱངས་པའི་ཆོས་ལ་གནས་གྱུར་ཀྱང་། །​མིག་ཟད་མཐའ་ཡི་ཤེས་མེད་ན། །​མིག་ཟད་པ་ནི་མ་ཤེས་ཕྱིར། །​ཡང་དག་སྦྱངས་ལ་གནས་པ་མིན། །​ཁ་དོག་སྒྱུར་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh55/UT22084-040-006-1772#UT22084-040-006-1772