མེ་ཏོག་སྣ་གཉིས་ཀྱི་ཕྲེང་བས་ནི་ས་གཉིས་པར་རོ། །​མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་ནི་ས་གསུམ་པར་རོ། །​མེ་ཏོག་ཐམས་ཅད་ཀྱི་འཕྲེང་བ་ས་ནི་ས་བཞི་པར་རོ། །​ཀླུའི་མེ་ཏོག་གི་ཕྲེང་བས་ནི་ས་ལྔ་པར་རོ། །​ལྷའི་མེ་ཏོག་གི་ཕྲེང་བས་ནི་ས་དྲུག་པར་རོ། །​ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་ནི་ས་བདུན་པར་རོ། །​ལྷ་དང་མིའི་མེ་ཏོག་གི་ཕྲེང་བ་འོད་འབྱུང་བས་ནི་ས་བརྒྱད་པར་རོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་མེ་ཏོག་སིལ་མ་དག་སྲེལ་བར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། དེས་ནི་བྱང་ཆུབ་སེམས་དཔའ་དག་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། །​གང་ཟག་དེ་ནི་གཡོག་འཁོར་མང་བ་དང་། རྐྱེན་མང་བ་ཡིན་ཏེ། དེས་གལ་ཏེ་བསམ་པ་རྣམ་པར་སྦྱང་བར་བྱས་ན་དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གང་གིས་བདག་ཁ་དོག་དང་ལྡན་པའི་མེ་ཏོག་སིལ་མ་དག་སྲེལ་བར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་པར་རོ། །​དྲི་དང་ལྡན་པས་ནི་ས་གཉིས་པར་རོ། །​རེག་དང་ལྡན་པས་ནི་ས་གསུམ་པར་རོ། །​སྣ་ཚོགས་ཀྱིས་ནི་ས་བཞི་པར་རོ། །ཆུ་ལས་སྐྱེས་པ་དང་། སྐམ་ལས་སྐྱེས་པས་ནི་ས་ལྔ་པར་རོ། །​ཐམས་ཅད་ཁ་འབུས་པར་གྱུར་པས་ནི་ས་དྲུག་པར་ཏེ། ས་གོང་མ་བཞི་པོ་དག་ལ་མངོན་པར་བརྩོན་པའམ། བདུད་ཀྱི་ལས་ཀྱི་མཚན་མ་ནི་དེ་དག་ཡིན་ཏེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ཐམས་ཅད་ཀྱང་འབུལ་བར་བྱེད་དོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རྔ་བོ་ཆེ་རྡུང་བའམ། །​རོལ་མོའི་སྒྲ་འབྱིན་པར་ཀུན་ཏུ་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་དང་། བདུད་ཀྱི་ལས་ཤས་ཆེ་བ་ཡིན་པས་དེས་བརྩོན་འགྲུས་བརྩམ་ཞིང་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །​དེས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གང་ཐིབས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-586#UT22084-039-004-586