ཚར་མེད་པ་གྱོན་པར་མཐོང་ན་དེ་ནི་ས་གཉིས་པར་རོ། །​གང་གིས་ཁ་ཚར་ཅན་ན་དེ་ནི་ས་གསུམ་པར་རོ། །​གང་གིས་བྱི་དོར་བྱས་པ་ན་དེ་ནི་ས་བཞི་པར་རོ། །​གང་གིས་བཀྲུས་ཤིང་བཅགས་པ་ན་དེ་ནི་ས་ལྔ་པར་རོ། །​གོས་རིན་པོ་ཆེས་ནི་ས་དྲུག་པར་རོ། །​ངང་རིས་ཅན་གྱིས་ནི་ས་བདུན་པར་རོ། །​ལྷའི་གོས་ཀྱིས་ནི་ས་བརྒྱད་པར་རོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གི་མགོ་ལ་རིན་པོ་ཆེའི་ཕྲེང་བ་འམ། རྒྱན་གྱི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དགུ་པོ་དག་ཏུ་བལྟ་སྟེ། དེ་ལ་བདུད་ཀྱི་ལས་ཀྱང་མེད། ལས་ཀྱི་སྒྲིབ་པ་ཡང་མེད་ན་རང་གི་ཉེས་པས་ངེས་པར་མི་འབྱུང་བས་དེས་ཐོས་པ་ཡོངས་སུ་བཙལ་བར་བྱ་ཞིང་ཆོས་ཀྱང་བསྒོམ་པར་བྱ། ཐབ་མོ་མེད་པ་དང་རྩོད་པ་མེད་པར་ཡང་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​རིན་པོ་ཆེ་སྣ་གཅིག་གི་ཕྲེང་བས་ནི་ས་དང་པོར་རོ། །​རིན་པོ་ཆེ་སྣ་བདུན་གྱིས་ནི་ས་བདུན་པའི་བར་དུའོ། །​འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེས་ནི་ས་བརྒྱད་པར་རོ། །​ལྷའི་ནོར་བུ་རིན་པོ་ཆེས་ནི་ས་དགུ་པར་ཏེ། བདུད་ཀྱི་ལས་ནི་མ་གཏོགས་སོ། །​ལས་དང་པོ་པས་མཚན་མ་དེ་དག་མཐོང་ན་འཕྱར་བར་འགྱུར་ཞིང་ལེ་ལོ་སྐྱེ་བར་ཡང་འགྱུར། བག་འབེབས་པར་ཡང་བྱེད། གཞན་ལ་བརྙས་པར་ཡང་བྱེད་པས་དེའི་ཕྱིར་དེས་བདུད་ཀྱི་ལས་ནི་རྟོགས་པར་བྱའོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གི་མགོ་ལ་མེ་ཏོག་གི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བརྒྱད་པོ་དག་ཏུ་བལྟ་སྟེ། དེ་ལ་ལས་ཀྱི་སྒྲིབ་པ་ནི་མེད་ལ་བདུད་ཀྱི་ལས་ནི་ཡོད་དོ། །​དེས་གལ་ཏེ་དང་པོ་དང་། དབུས་དང་ཐ་མར་ངེས་པར་རྟོགས་ནས་དད་པར་བྱས་ཤིང་ཐམས་ཅད་ཡོངས་སུ་གཏོང་བས་སྐྱོ་བ་མེད་པར་བྱས་ནས། དེས་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​མེ་ཏོག་སྣ་གཅིག་གི་ཕྲེང་བས་ནི་ས་དང་པོར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-585#UT22084-039-004-585