མངོན་པར་མི་བརྩོན་པ་དག་ལ་ནི་བདུད་ཀྱི་ལས་ཀྱང་ཡོད་དོ། །​ས་གོང་མ་པ་དག་གིས་ནི་ཐམས་ཅད་ཕུན་སུམ་ཚོགས་པའི་ཤིང་ལྗོན་པ་དག་མཐོང་བར་འགྱུར་ཏེ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་གླང་པོ་ཆེའི་གཙོ་བོ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་དྲུག་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེས་སྦྱིན་པ་སྤྱད་པ་ལྟར་ཤེས་རབ་དེ་ལྟར་མ་སྤྱད་པས་དེ་ལ་དགེ་བའི་རྩ་བ་དག་དཀའ་བས་སྐྱེ་བར་འགྱུར་ཏེ། དེས་ནི་དད་པར་བྱ་ཞིང་ངེས་པར་བརྟག་པ་མང་དུ་ཡང་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་གླང་པོ་ཆེའི་གཙོ་བོ་ཡོངས་སུ་མ་དག་པ་མཐོང་ན་ས་དང་པོར་རོ། །​ཐལ་ཀར་མཐོང་ན་ས་གཉིས་པར་རོ། །མཆེ་བ་དྲུག་པ་མཐོང་ན་ས་གསུམ་པར་རོ། །​རྒྱན་གྱིས་བརྒྱན་པ་མཐོང་ན་ས་བཞི་པར་རོ། །​རྒྱལ་མཚན་དང་། གདུགས་ཐོགས་པ་མཐོང་ན་ས་ལྔ་པར་རོ། །​སྒྲ་འབྱིན་པར་མཐོང་ན་ས་དྲུག་པར་རོ།​། །​།བམ་པོ་གསུམ་པ་སྟེ་ཐ་མ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་གླང་པོ་ཆེའི་གཙོ་བོ་ལ་ཞོན་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དགོངས་ཤིང་དེ་ལ་ཡེ་ཤེས་འཇུག་པ་དང་། དབང་ཕྱུག་ཆེན་པོ་ཡང་ཡོད་པ་ཡིན་པས་དེས་ན་གུས་པ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་གཞུག་པ་དང་། རྒྱུ་མེད་པ་དང་། ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། ཡིད་དུ་འཐད་པ་སྦྱིན་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​གང་གིས་བདག་གླང་པོ་ཆེའི་གཙོ་བོ་ཐ་མལ་པ་ལ་ཞོན་པར་ཀུན་ཏུ་ཤེས་ན་དེ་ནི་ས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-578#UT22084-039-004-578