ས་གཉིས་པ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །​ས་གསུམ་པ་ལ་ནི་སྟོང་པ་ཉིད་བསྒོམ་པར་བྱའོ། །​ས་བཞི་པ་ལ་ནི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །​ས་ལྔ་པ་ལ་ནི་ལྷག་མཐོང་བསྒོམ་པར་བྱའོ། །​གང་གིས་བདག་རི་ལ་འཛེག་པར་ཀུན་ཏུ་ཤེས་ན་དེ་ནི་ས་དང་པོ་པར་བལྟའོ། །​གང་གིས་དབུས་སུ་ཕྱིན་ན་དེ་ནི་ས་གཉིས་པར་རོ། །​གང་གིས་རྩེ་མོར་ཕྱིན་ན་དེ་ནི་ས་གསུམ་པར་རོ། །​གང་མངོན་པར་ལྟ་བར་བྱེད་ན་དེ་ནི་ས་བཞི་པར་རོ། །​གང་འདུག་ན་དེ་ནི་ས་ལྔ་པར་རོ། །​རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་རིའི་རྩེ་མོ་ན་འདུག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བདུན་པོ་དག་ཏུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ལ་བདུད་ཀྱི་ལས་ཤས་ཆེ་བ་ཡིན་པས་དེས་ནི་སྡུག་པའི་དངོས་པོ་ཡོངས་སུ་གཏང་བར་བྱ་ཞིང་ཉེ་དུ་ཡང་མཆོད་པར་བྱ། ཉེ་དུ་གཞན་དག་ཀྱང་དགའ་བར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་བ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​རི་ཆེན་པོ་བདུན་པོ་དག་ནི་ས་བདུན་པོ་རྣམས་ཀྱི་འོ། །​རི་རབ་ནི་ས་ལྷག་མ་རྣམས་ཀྱིའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་བདག་ཤིང་ལྗོན་པ་ལ་འཛེག་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་བཞི་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེ་ལ་ནི་བདུད་ཀྱི་ལས་དང་ལས་ཀྱི་སྒྲིབ་པ་ཡང་འབྲིང་ཙམ་སྟེ། དེས་ནི་དགེ་བའི་བཤེས་གཉེན་གང་དག་སྣང་བ་ཐོབ་པ་རྣམས་དང་། གང་དག་གིས་དུས་དུས་སུ་དེའི་ཆོས་ཀྱི་ཐེ་ཚོམ་སེལ་བར་ནུས་པའི་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱའོ། །​དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཡང་འགྱུར་རོ། །​དེ་ལ་གྲིབ་ཤིང་ལོ་མ་ཕུན་སུམ་ཚོགས་པ་ལ་འཛེགས་ན་ས་དང་པོར་རོ། །​སྤོས་ཀྱི་ཤིང་ལ་ན་ས་གཉིས་པར་རོ། །​མེ་ཏོག་གི་ཤིང་ལ་ན་ས་གསུམ་པར་རོ། །​འབྲས་བུའི་ཤིང་ལ་ན་ས་བཞི་པར་ཏེ། མངོན་པར་བརྩོན་པ་དག་གི་མཚན་མ་དེ་དག་ཡིན་གྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh48/UT22084-039-004-577#UT22084-039-004-577