བཞིན་ཕྲ་མ་ཡིན། །​འདོད་ཆགས་རྡོ་རྗེ་དབང་དུ་བྱས། །​རྡོ་རྗེ་ལས་ཀྱིས་ཐམས་ཅད་དུའོ། །​རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །​མི་ཚིལ་མི་ཡི་ཐོད་པར་བཞག །​དེ་བཞིན་མི་སྐྲས་སྡོང་བུ་བྱ། །​དུར་ཁྲོད་དག་ཏུ་དུ་བ་བསྒྲུབ། །​མིག་སྨན་དག་ནི་དེ་བཞིན་དུ། །​མིག་སྨན་ལས་ཀྱི་བསྒོམ་པ་དང་། །​ལས་ཀྱི་བཟླས་པའི་སྦྱོར་བ་ཡིས། །​མིག་སྨན་འདི་ནི་འགྲུབ་པར་འགྱུར། །​ཁྲག་དང་གུར་གུམ་གཟུང་བྱས་ནས། །​སྒྲུབ་པ་བྱུག་པ་བསྒྲུབ་པར་བྱ། །​ལས་ཀྱི་རྡོ་རྗེ་སྦྱོར་བ་ཡིས། །​རྐང་མགྱོགས་དག་ནི་འགྲུབ་པར་འགྱུར། །​བདུད་རྩི་ལྔ་ནི་མཉམ་པ་ལ། །​ཤ་ལྔ་དང་ནི་ལྡན་པ་ཡིས། །​ལྕགས་གསུམ་དུ་ནི་བཅུག་བྱས་ན། །​ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར། །​ཀན་ཏའི་ལྕགས་ཀྱི་རལ་གྲི་ནི། །​ལས་ཀྱི་སྦྱོར་བ་བསྒྲུབ་པར་བྱ། །​ལས་ཀྱི་རྡོ་རྗེ་སྦྱོར་བ་ཡིས། །​ལས་ཀྱི་རལ་གྲི་རབ་འགྲུབ་འགྱུར། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་ལས་ཀྱི་རིམ་པར་ཕྱེ་བ་སྟེ་ལེའུ་གསུམ་པའོ།​། །​།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་གསོལ་བ་བཏབ་པ། ལས་ཀྱི་དབྱེ་བའི་དབྱེ་བ་ལས། །​སེམས་ཅན་འཇུག་པ་ཇི་ལྟར་འགྱུར། །​རྡོ་རྗེ་ཆེན་པོས་བཤད་དུ་གསོལ། །​ཡོན་ཏན་རྒྱ་མཚོ་རྣམས་ཉན་ལགས། །​དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །​ལས་ནི་ཐམས་ཅད་རབ་སྒྲུབ་པ། །​ཉེས་ཀུན་གསོ་བའི་བདག་ཉིད་ཀྱིས། །​འདི་སྐད་ཀྱི་ནི་ཚིག་གསུངས་སོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྡོ་རྗེ་ཉིད་ཀྱི་མཐུས་ཕྱག་འཚལ་ཞིང་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཡང་དང་ཡང་དུ་ཕྱག་བྱས་ནས། །​བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ། །​དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །​དབང་དུ་བྱ་བའི་འཁྲུལ་འཁོར་བསྟན། །​གཤིན་རྗེའི་གཤེད་ལས་འཁོར་ལོ་མཆོག །​མ་བྱུང་འབྱུང་བར་མི་འགྱུར་རོ། །​བུད་མེད་དབང་དུ་བྱ་བ་དང་། །​བསྲུང་བའི་དོན་དང་དེ་བཞིན་དུ། །​ཞི་བ་རོ་ཙ་ནས་བཟུང་སྟེ། །​གྲོ་གའམ་དེ་བཞིན་སྨྱུག་ཤུན་ལ། །​འཁོར་ལོ་གཉིས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1287#UT22084-083-015-1287