བྱ། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་མངོན་པར་རྟོགས་པའི་རིམ་པར་ཕྱེ་བ་སྟེ་ལེའུ་དང་པོའོ།​། །​།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པ། གཤིན་རྗེའི་གཤེད་པོ་རབ་འཇིགས་པ། །​གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །​སྟོན་པ་སངས་རྒྱས་ཀུན་རང་བཞིན། །​རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །​གཤིན་རྗེའི་གཤེད་པོ་རབ་འཇིགས་པའི། །​ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །​རྡོ་རྗེ་ཐུགས་དང་རབ་མཚུངས་པ། །​རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །​འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །​གཤིན་རྗེའི་གཤེད་པོ་རབ་འཇིགས་པ། །​རྡོ་རྗེ་གསུང་དང་རབ་མཚུངས་པ། །​རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །​ཕྲག་དོག་ངོ་བོའི་རང་བཞིན་ཁྱོད། །​གཤིན་རྗེའི་གཤེད་པོ་ལས་ཀུན་པ། །​རྡོ་རྗེ་ཆགས་དང་རབ་ཏུ་མཚུངས། །​ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །​སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །​སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། །​སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །​དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །​རྡོ་རྗེ་མིག་དང་། རྡོ་རྗེ་རྣ་བ་དང་། རྡོ་རྗེ་སྣ་དང་། རྡོ་རྗེ་ལྕེ་དང་། རྡོ་རྗེ་ལུས་དང་། རྡོ་རྗེ་ཐུགས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའོ། །​དེ་ནས་ཡང་དག་བཤད་བྱ་བ། །​འདོད་པའི་དོན་གྲུབ་སྒྲུབ་བྱེད་པའི། །​གཤིན་རྗེའི་གཤེད་པོ་ཉིད་མཚུངས་པ། །​གཤིན་རྗེའི་འཇིགས་པའི་དཀྱིལ་འཁོར་ལོ། །​སྐུད་པ་གསར་པ་ལེགས་བསྒྲིམས་ལ། །​ལེགས་པའི་ཚད་ལ་མཛེས་པ་ཡིས། །​སྐུད་པ་བྱས་པས་ཐིག་གདབ་པོ། །​གཤིན་རྗེའི་ཚོགས་ཀྱི་དཀྱིལ་འཁོར་ལོ། །​མཚན་རྣམས་ཐམས་ཅད་རབ་རྫོགས་ཤིང་། །​བར་ཆད་ཐམས་ཅད་རབ་ཉམས་པ། །​ཞི་བ་ལ་སོགས་རབ་འཇུག་པའི། །​དཀྱིལ་འཁོར་འཁོར་ལོའི་ཆ་བྱད་ལ། །​རྩེ་མོ་ལྔ་དང་མཉམ་ལྡན་པའི། །​ལས་ཀྱི་རྡོ་རྗེ་དེ་ལ་བྲི། །​རྡོ་རྗེ་འབར་བ་འཁྲིགས་པ་ཡི། །​རྡོ་རྗེ་དེ་ཡི་དབུས་སུ་བྲི། །​རལ་གྲི་བྱང་གི་ཕྱོགས་སུ་བྲི། །​འཁོར་ལོའི་འོད་ཀྱིས་བསྐོར་བ་ཡི། །​འཁོར་ལོ་ཤར་གྱི་ཕྱོགས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1285#UT22084-083-015-1285