བཙུན་མོ་ཀུན་ལ་འཁྱུད་པ་ཡིས། །​དཔའ་མོ་སེང་གེ་བཞིན་དུ་སྤྱད། །​འདོད་པའི་དོན་ཀུན་རབ་ཏུ་འགྲུབ། །​དེ་ནས་ད་ནི་བཤད་བྱ་བ། །​ཕྱག་རྒྱ་མ་ནི་རབ་སྒྲུབ་ཐབས། །​གསང་སྔགས་ཆེན་པོ་ཡི་གེ་གཅིག །​དེ་ཡི་བཟླས་པ་མངོན་པར་བཤད་བྱ། །​ཡི་གེ་ཧྲཱིཿལས་བྱུང་བ་ཡི། །​མ་ཧེ་ཡང་དག་བསྒོམ་བྱ་སྟེ། །​རྡོ་རྗེ་དཀྱིལ་འཁོར་ལ་གནས་པ། །​མ་ཧེ་སྟེང་དུ་བསྒོམ་པར་བྱ། །​གང་ཡང་ཅུང་ཟད་གཅོད་ཅིང་འབིགས། །​མཚོན་ཆ་སྣ་ཚོགས་གཟུགས་དེ་ནི། །​མ་ཧེ་སྣ་ཚོགས་བསྒྲུབ་པ་ཡི། །​བློ་དང་ལྡན་པའི་ཕྱག་ན་བསྣམས། །​དེ་ནས་ཡང་དག་བཤད་བྱ་བ། །​དབྱིག་པ་གཤིན་རྗེའི་གཤེད་སྒྲུབ་ཐབས། །​ཡི་གེ་ཧྲཱིཿནི་གསང་སྔགས་ཆེ། །​མ་ཧེ་ཆེན་པོ་ལ་བཅིབས་པ། །​ཕྱག་ནི་འབུམ་ཕྲག་རྫོགས་པའི་ཕྱག །​སྐུ་ནི་མི་རོའི་ཐལ་བས་བསྐུས། །​རི་རབ་དང་ནི་མཉམ་པའི་ལུས། །​གསེར་གྱི་ས་གཞི་ཐུག་པར་མནན། །​དེ་ནས་ཡང་དག་བཤད་བྱ་བ། །བྱེ་བའི་ཕྱག་ཅན་སྒྲུབ་པའི་ཐབས། །​ཡི་གེ་ཧཱུྃ་ལས་བྱུང་བའི་གཙོ། །​ཝིཀྲྀ་ཏཱ་ན་གསང་སྔགས་ཆེ། །​ཨོྃ་ཧྲཱིཿཥྚྲཱིཿཝིཀྲྀ་ཏཱ་ནན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧཽ་ཧྃ་ཧཿཕཊ་སྭཱ་ཧཱ། དགོས་པ་ཐམས་ཅད་བསྒྲུབ་པ་ཡི། །​དམ་ཚིག་སྒྲུབ་ཐབས་བཤད་པར་བྱ། །​སྔགས་ཀྱིས་དུབ་པས་ཁ་ཟས་བཟའ། །​ངན་པ་དང་བྲལ་རྙེད་དཀའ་མིན། །​ཤ་ཆེན་དག་ནི་རྟ་དང་ནི། །​གླང་པོ་ཆེ་ཡི་ཁྱད་པར་དང་། །​བ་ལང་གི་དང་ཁྱི་དང་ནི། །​བོང་བུ་རྔ་མོ་ཅེ་སྤྱང་ངོ་། །​སྔོན་པོ་དང་ནི་བསྲེས་པ་ཡི། །​སྣུམ་ཆེན་གྱིས་ནི་ལུས་བྱུགས་ན། །​ལུས་ལ་བྱུགས་པ་ཙམ་གྱིས་ནི། །​འགྲོ་བ་ཐམས་ཅད་དབང་དུ་འགྱུར། །​སྣང་མཛད་སི་དུ་བ་ར་དང་། །​དེ་བཞིན་བིལ་བའི་ལོ་མ་དང་། །​སོ་ཕག་ཕྱེ་མ་བསྲེས་པ་དང་། །​གསེར་ཤིང་ལོ་མའི་ཁུ་བ་རྣམས། །​འདི་ཡིས་དྲིལ་ཕྱིས་བྱས་གྱུར་ན། །​ཁམས་གསུམ་པོ་ནི་དབང་དུ་འགྱུར། །​དུག་དང་ཆུ་བུར་དེ་བཞིན་མཛེ། །​དྲིལ་ཕྱིས་བྱས་པས་ཉམས་པར་བྱེད། །​གཅི་བ་ཆེན་པོ་བཏུང་བར་བྱ། །​རྡོ་རྗེ་བདུད་རྩི་དེ་བཞིན་དུ། །​འདི་ནི་རྣལ་འབྱོར་མཆོག་གཙོ་བོ། །​རང་འབྱུང་མེ་ཏོག་བཏུང་བ་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་སྤྱོད་པ་སྟོན་པ་ཞེས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1302#UT22084-083-015-1302