ཞུགས་ཅན་གྱི་གཟུགས་སུ་བྲི། །​སྨྱོན་པའི་ཁུ་བས་བསྐུ་བྱས་ལ། །​སྔགས་ཁྲི་བཟླས་པས་མཛེས་ཐེབས་འགྱུར། །​གྲུབ་པའི་ཡུངས་ཀར་བླངས་བྱས་ལ། །​འབུམ་ཕྲག་བཞི་ནི་བཟླས་བྱས་ན། །​སྦྲུལ་གྱིས་བཟུང་ནས་འགྱེལ་བ་ལ། །​གཏོར་ན་འཚོ་བར་ཐེ་ཚོམ་མེད། །རི་གཤོང་ཆུ་ཡི་ས་བླངས་ལ། །​སྔགས་ཀྱི་བཟླས་པ་འབུམ་བྱས་ནས། །​མགོ་ལ་བསྐུས་པ་ཙམ་གྱིས་ནི། །​མགོ་ཡི་ནད་ནི་ཉམས་པར་བྱེད། །​སྔགས་ནི་ལན་བདུན་མངོན་བཟླས་པའི། །​ལག་པས་མགོ་བོ་མཉེས་ན་ནི། །​མགོ་ནི་ཟུག་གཟེར་འབྱུང་མི་འགྱུར། །​དེ་ནི་འདི་ལྟར་ཐེ་ཚོམ་མེད། །བྲམ་ཟེ་ཡི་ནི་ཤ་དག་ལ། །​དུར་ཁྲོད་ས་དང་ཐལ་བ་ལས། །​གཤིན་རྗེའི་གཤེད་ཀྱི་གཟུགས་བྱས་ཏེ། །​ཕྱག་གཉིས་ཞལ་ནི་གཅིག་པ་ལ། །​རྡོ་རྗེ་ཆེན་པོ་གཡས་པ་ན། །​དེ་བཞིན་མི་མགོ་གཡོན་པ་ནའོ། །​མདོག་ནི་དཀར་པོ་ཆེར་འཇིགས་པ། །​དེ་ཡིས་གདུག་པ་འཇོམས་པར་བྱེད། །བདུད་རྩི་ལྔ་དང་ཤ་ལྔ་ཡིས། །​ཉིན་རེ་བཞིན་དུ་གཏོར་མ་སྦྱིན། །​བདག་གི་དགྲ་བོ་ཆོམས་ཤིག་ཅེས། །​རྣལ་འབྱོར་པས་བདག་གསོལ་བ་གདབ། །​ནུབ་མོ་དེ་སྐད་བརྗོད་པས་ཉལ། །​དགྲ་ནི་ཐོ་རངས་འཆི་བར་འགྱུར། །​ཆུ་འགགས་ལ་སོགས་པས་གཟིར་ཞིང་། །​ཡང་ན་ནད་ཀྱིས་ཐེབས་པར་འགྱུར། །​དགྲ་ཡི་བཻ་རོ་ཙ་ན་བླང་། །​མི་ཡི་རྐང་སྦུབས་ཡོངས་བཀང་སྟེ། །​རབ་ཏུ་བཀང་ནས་འབུམ་བཟླས་ན། །​ཤིང་རྩེར་རྒྱུ་བའི་ཡི་དགས་མཚུངས། །​ལྷ་རྫས་དངོས་གྲུབ་ཀུན་བྱེད་ཅིང་། །​དགོས་པ་སྣ་ཚོགས་རབ་སྒྲུབ་བོ། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་འཇིགས་བྱེད་གཤིན་རྗེའི་གཤེད་ཅེས་བྱ་བའི་རིམ་པར་ཕྱེ་པ་སྟེ་དགུ་བའོ།​། །​།རོ་ལངས་ཆེན་པོའི་སྒྲུབ་ཐབས་ནི། །​དེ་ནས་ཡང་དག་བཤད་པར་བྱ། །​སྒྲུབ་པ་བཟང་པོ་ཀུན་བྱེད་ཅིང་། །​དགོས་པ་སྣ་ཚོགས་རབ་སྒྲུབ་པའོ། །​བཟང་པོ་མ་གོད་རྨ་མེད་པ། །​ཤིང་ལ་སྦྱངས་པས་བསྡུས་བྱས་ལ། །​ཕབ་ལ་ལེགས་པར་བཀྲུ་བྱ་སྟེ། །​དེར་འདུག་སྔགས་བཟླས་བརྟུལ་ཞུགས་ཅན། །​ཨེ་མའོ་ངོ་མཚར་སྔགས་ཀྱི་མཐུ། །​བསམ་པ་མེད་པའི་འོ་དོད་འབོད། །​གཤིན་རྗེའི་རྣལ་འབྱོར་ལྡན་པ་ཡི། །​ཡིད་ཀྱིས་ཅུང་ཟད་འཇིགས་མི་བྱ། །​རྣལ་འབྱོར་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh467/UT22084-083-015-1299#UT22084-083-015-1299