རྣམས་ཧ་ཅང་འབྲི་བར་འགྱུར་རོ་སྙམ་པའི་སེར་སྣ་ལ་སོགས་པ་རིང་དུ་སྤངས་ནས། བདུད་དང་བདུད་ཀྱི་རིས་དག་གིས་དངོས་དང་བརྒྱུད་ནས་བར་ཆད་རྩོམ་ཞིང་ཐབས་དུ་མས་བཤོལ་བར་བྱེད་ཀྱང་སྙིང་སྟོབས་ཀྱི་གོ་ཆ་ལྷོད་པར་མི་འགྱུར་བའི་བརྟན་པའི་བློ་གྲོས་ཆེན་པོས་ཐོག་མར་མགོ་རྩོམ་པའི་ལས་ཀྱི་གྲྭ་འཛུགས་པར་མཛད་ཡིན་ནོ། །​གཉིས་པ་ནི་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་དེའི་ཐོག་མར་ཡི་གེའི་ཕྱི་མོ་རྣམ་པར་དག་པ་བསགས་ནས་ཞུས་དག་མཛད་པ་ཡིན་ཏེ། དེའང་གཙོ་བོར་དེང་སང་གངས་རིའི་ཁྲོད་འདིར་གྲགས་ཆེ་བ་ཚལ་པ་བཀའ་འགྱུར་དང་། རྒྱལ་རྩེ་ཐེམ་སྤང་མར་གྲགས་པ་གཉིས་ཀྱི་རྒྱུན་ཡིན་པས་དེའི་ཁུངས་བཙལ་ཞིང་ཞུས་དག་གིས་གཏན་ལ་ཕབ་པའི་ཚུལ་ནི། བསྟན་པ་སྔ་དར་གྱི་དུས་སུ་ཆོས་ཀྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྴི་ཏ། ཆོས་ཀྱི་སྙིང་པོ། དེ་ཝེནྡ། དཔལ་གྱི་ལྷུན་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། དེ་བཞི་ལ་ཤློ་ཀ །​དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ་གྲངས་དེས་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་གྲངས་འདི་དང་འདིའོ་ཞེས་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་སྟེ། གངས་ཅན་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ནི་འདི་ཡིན་ནོ་ཞེས་ཡོངས་སུ་གྲགས་ལ། དེའི་རྗེས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་། འཁོན་ནཱ་གེནྡྲ་རཀྵི་ཏ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་གསུང་རབ་ཞུས་ཆེན་མཛད་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལ་ལྡན་དཀར་མར་གྲགས་པ་བྱུང་། དེའི་རྗེས་སུ་བཙན་པོ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་གྱི་སྐུ་རིང་ལ་ཕོ་བྲང་འོན་ལྗང་རྡོ་རྒྱ་ཕུབས་དགུ་ཐོག་མར་སྔོན་རྒྱལ་བའི་གསུང་རབ་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དང་གསར་དུའང་མང་པོ་བསྒྱུར་ཏེ་སྒྲ་སྦྱོར་བམ་གཉིས་སུ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh4568-3/UT22084-103-004-686#UT22084-103-004-686