དབྲོག་པར་བྱས་སོ་སྙིགས་མའི་དུས། །​མཚན་མོར་གྱུར་ལ་མི་སྦྱིན་སྐྱེས། །​རྩོད་པའི་ཐ་མར་མཆོད་སྡོང་ཆེ། །​སྔ་ན་མེད་པར་འཁྲུངས་འདིས་སོ། །​ཨེ་མ་སྐྱེ་འགྲོར་ཕན་བདེ་ཡི། །​གཏོང་བ་ཆེན་པོ་སྒྲུབ་པའི་ཕྱག །​སྙིང་སྟོབས་འོ་མཚོ་ལས་བྱུང་བས། །​འདོད་འབྱུང་ས་བརྟོལ་དབང་པོ་བཞིན། །​གང་གི་རང་བཞིན་སྙིང་སྟོབས་རྨ་མེད་གཞིག་པར་མི་ནུས་རྡོ་རྗེ་ཉིད་ཡིན་ཞོ་འཐུང་རུས་པ་དེ་མ་ཡིན། །​གང་གི་ལེགས་བྱས་ཤིན་ཏུ་དཀར་བ་བཞེད་དགུའི་འདོད་འཇོ་དཔག་བསམ་དངོས་ཡིན་ཀོ་བི་ད་ར་དེ་མ་ཡིན། །​གང་གི་གྲགས་པ་སྐྱེ་དགུའི་སྙིང་ལ་སིམ་པ་སྟེར་བྱེད་ཟླ་བ་ཉིད་ཡིན་རི་བོང་འཛིན་པ་དེ་མ་ཡིན། །​གང་དག་ཡོན་ཏན་བྱེ་བའི་རང་བཞིན་ནོར་བུའི་དོ་ཤལ་སྤེལ་ལེགས་འདི་ཡིན་མུཀྟི་ཀ་ཕྲེང་དེ་མ་ཡིན། །​བྱ་དཀའི་རྒྱ་མཚོ་རླབས་ཆེན་རྒལ་དཀའ་གེགས་བྱེད་འཇིགས་རུང་འཛིན་ཁྲིའི་གནས། །​དུས་ཀྱི་རྦ་རླབས་གནམ་དུ་སྐྱོང་ཚེ་བྱིས་པ་རྣམས་ནི་དོགས་པ་སྐྱེ། །​དཔལ་རྣམས་བློ་གྲོས་ནམ་ཡང་མི་ཉམས་ཐབས་ཤེས་གདོས་པ་འཛིན་པ་ཅན། །​འབད་པ་ཆེན་པོའི་གྲུ་ཆེན་ཚགས་བཅུག་བདེ་བར་ཕ་རོལ་ཕྱིན་པར་འགྱུར། །​དྲག་པོས་བསྲེགས་པའི་ལུས་ཀྱི་ལྷག་མས་བྱེ་བ་ཁྲག་ཁྲིག་དཔུང་བཤམས་ཏེ། །​མི་བཟད་ཆེ་ཆར་དྲུག་པོ་ཕབ་ཀྱང་དམ་པ་རྣམས་ཀྱི་སྙིང་སྟོབས་ནི། །​ཟླ་བ་མཐོང་བའི་ཀུནྡ་བཞིན་དུ་ཕྱིར་ཞིང་རྒྱས་པ་ཁོ་ན་ལས། །​བྲི་བར་འགྱུར་མིན་དེས་ན་དེ་རིང་བདུད་ལས་རྣམ་པར་རྒྱལ་འདི་ལྟོས། །​བདེ་བར་གཤེགས་པའི་བཀའ་གངས་ཅན་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས་རྒྱལ་བའི་གསུང་རབ་གངས་རིའི་ཁྲོད་དུ་དེང་སང་ཇི་ཙམ་སྣང་བ་པར་དུ་བསྒྲུབས་པའི་བྱུང་བ་དངོས་ལེགས་པར་བཤད་པའི་ཡལ་འདབ་སྟེ་གསུམ་པའོ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh4568-3/UT22084-103-004-697#UT22084-103-004-697