འདོད་ན་སངས་རྒྱས་ཀྱི་ཡུལ་གྱི་རྒྱན་རྣམ་པ་ཐམས་ཅད་དང་ལྡན་པ་བརྗོད་དུ་མེད་པའི་བར་དུ་སྟོན་ཏོ། །​འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལུས་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཤིན་ཏུ་སྤྲུལ་པ་བྱེད་དོ། །​ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་ཡོངས་སུ་སྟོན་ཏེ། ལག་པ་དེ་དག་གིས་ཀྱང་ཕྱོགས་བཅུར་སངས་རྒྱས་མཆོད་པ་རབ་ཏུ་བྱེད་དེ། ལག་པ་རེ་རེས་ཀྱང་མེ་ཏོག་གི་ཕུང་པོ་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མངོན་པར་འཐོར་རོ། །​མེ་ཏོག་ཇི་ལྟ་བ་དེ་བཞིན་དུ་སྤོས་དང་། ཕྲེང་བ་དང་བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དེ་བཞིན་དུ་རྒྱན་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ། །​ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་མགོ་བྱིན་གྱིས་རློབ་ཅིང་མགོ་རེ་རེ་ལ་ཡང་དེ་སྙེད་ཀྱི་ལྕེ་བྱིན་གྱིས་བརླབས་ཏེ། དེ་དག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོན་ཏན་ཤིན་ཏུ་བརྗོད་པ་བྱེད་དོ། །​སེམས་བསྐྱེད་པ་རེ་རེ་ལ་ཡང་ཕྱོགས་བཅུ་རྒྱས་པར་ཁྱབ་པར་འགྲོ་སྟེ། སེམས་བསྐྱེད་པ་ཙམ་གྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་ཚད་མེད་པ་ནས། མྱ་ངན་ལས་འདས་པ་ཆེན་པོ་རྒྱན་གྱི་བར་དུ་བྱིན་གྱིས་རློབ་བོ། །​དུས་གསུམ་གྱི་ལུས་ཆད་མེད་པ་ཡང་བྱིན་གྱིས་རློབ་སྟེ། རང་གི་ལུས་ལ་སངས་རྒྱས་བཅོམ་ལྡན་འདས་ཆད་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྒྱན་ཚད་མེད་པ་བྱིན་གྱིས་རློབ་བོ། །​འཇིག་རྟེན་གྱི་ཁམས་འཇིག་པ་དང་། འདུ་བ་ཐམས་ཅད་ཀྱང་རང་གི་ལུས་ལ་བྱིན་གྱིས་རློབ་བོ། །​རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་གཅིག་ནས་གཏོང་སྟེ། སེམས་ཅན་རྣམས་ལ་ཡང་གནོད་པར་མི་བྱེད་དོ། །​འདོད་ན་ཆུའི་ཕུང་པོ་ཡན་ཅད་འཇིག་རྟེན་གྱི་ཁམས་གཅིག་བྱིན་གྱིས་རློབ་བོ། །​དེར་ཡང་པད་མོ་ཆེན་པོ་བྱིན་གྱིས་རློབ་བོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-31/UT22084-036-002-2210#UT22084-036-002-2210