འདི་ཡི་ས་བོན་རྣལ་འབྱོར་པས། །​བསྒོམས་ན་མྱུར་དུ་སངས་རྒྱས་ཐོབ། །​བརྒྱད་པ་ལས་སྔགས་ཀྱི་བཟླས་པ་དང་སྒོམ་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།​། །​།འཕོ་བའི་རྣལ་འབྱོར་མཚན་ཉིད་ཀྱི། །​དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །​བཟང་པོའི་ལམ་དུ་རྣལ་འབྱོར་པས། །​འགྲོ་བ་མཛེས་པ་ཁྱོད་ལ་བསྟན། །​ཡེ་ཤེས་དབང་པོ་ཉན་པར་འཚལ། །​སྒོ་རྣམས་དགུ་ནི་ཇི་ལྟར་ལགས། །​ཡེ་ཤེས་སྒོ་ཡི་དབྱེ་བས་ནི། །​ཡོན་ཏན་སྐྱོན་ནི་ཇི་ལྟར་ལགས། །​དུས་སུ་སྲོག་ནི་འཆད་པ་ཡི། །​ཡང་དག་རབ་ཏུ་སྦྱོར་བ་ཉོན། །​ལེགས་པའི་ལམ་ནི་མཛེས་པའི་གནས། །​ངན་པའི་ལམ་ཡང་སྐྱོན་རྣམས་ཉིད། །​ལྟེ་བའི་སྟེང་ན་ཐིག་ལེ་དང་། །​མིག་དང་སྣ་སོགས་རྣ་བ་དག །​བཏུང་དང་བཏུང་བ་མིན་པའི་སྒོ། །​མཚན་ཉིད་ལྟེ་བར་འདོད་པ་ཅན། །​མཐོ་རིས་ཐིག་ལེས་གཟུགས་ལུས་ཅན། །​སྟེང་ནི་སྟེང་དུ་གནས་པ་ཡི། །​འགྲོ་དང་འོང་བར་ཡོངས་སུ་གྲགས། །​སྣ་ལས་གནོད་སྦྱིན་དག་ཏུ་འགྱུར། །​རྣ་བ་དག་ལས་གྲུབ་པའི་ལྷ། །​གལ་ཏེ་མིག་ལས་ཤེས་འགྲོ་ན། །​མི་རྣམས་ཀྱི་ནི་རྒྱལ་པོར་འགྱུར། །​སྲིད་པའི་སྒོ་ལས་ཡི་དགས་ཏེ། །​གཅི་ལས་དེ་བཞིན་བྱོལ་སོང་ངོ་། །​དམྱལ་བ་བརྒྱད་ནི་བཏུང་མིན་པས། །​དེ་ལྟར་སྤང་ཕྱིར་རིགས་ཀྱི་བུ། །​སྲིད་པའི་འཕོ་བའི་མཚན་ཉིད་ནི། །​གང་ཕྱིར་སྒ་ཡི་ཁྱད་པར་ནི། །​འཁོར་བའི་དབྱེ་བ་ཡང་དག་འབྱུང་། །​དེ་ཕྱིར་སྒོ་ཡི་ཁྱད་པར་གྱིས། །​རྣལ་འབྱོར་པས་ནི་མཉམ་གཞག་པ། །​འཆི་བའི་དུས་ཀྱི་ཐོབ་པ་ནི། །​འཆི་བའི་མཚན་མ་བསྟན་པ་ཉིད། །​རིམ་ལ་སོགས་པས་མ་ཕྱེ་བའི། །​འཕོ་བའི་རྣལ་འབྱོར་དམ་པ་ཉིད། །​བུམ་པ་དང་པོར་བརྩམས་ནས་ནི། །​སྒོ་རྣམས་ཐམས་ཅད་རེངས་པར་བྱེད། །​མཆོད་རྟེན་རྣམས་ཀྱི་ལྕགས་སྒྲོག་ལྔ། །​སྒོ་ཡི་བུག་པའི་བསྒོམ་པ་ནི། །​དེ་བས་དམའ་བའི་སྒོ་ཉིད་དོ། །​ས་བོན་ཆུ་ལྟར་དཀར་པོ་ཉིད། །​བཏུང་དང་བཏུང་མིན་མེ་ཡི་ནི། །​དེ་ཡི་ས་བོན་འབར་བ་ལྟར། །​དེ་ཡི་དང་པོ་དབུགས་ཀྱི་ཡང་། །​དེ་ལ་ཤིན་ཏུ་མཉམ་གཞག་པས། །​དབུགས་ནི་བུམ་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9147#UT22084-079-008-9147