ཕྱིས་ནི་སྔགས་པས་བཟླས་པ་བྱ། །​རྡོ་རྗེ་གཉིས་མེད་དངོས་པོ་ལས། །​གཡོན་པའི་རྡོ་རྗེ་ཅན་གྱི་དངོས། །​ཞི་ལ་ཁྲོ་བོར་དགོད་པར་བྱ། །​རྒྱས་ལ་དབུ་མའི་དེ་ཉིད་ལ། །​སྲིན་ལག་ལ་ནི་དབང་དུ་གསུངས། །​ཀུན་གྱི་མཐའ་མར་མངོན་སྤྱོད་ལ། །​མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལྷ། །​དངོས་པོ་ལས་ནི་དགུག་པར་བྱ། །​མཉམ་གཞག་བཟླས་དང་སྒོམ་པ་ཡིས། །​འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །​དེ་ཉིད་མེད་པའི་རྣལ་འབྱོར་པ། །​དེ་ཉིད་མེད་པའི་སྔགས་ཟློས་དང་། །​རྡོ་རྗེ་དྲིལ་བུ་དེ་ཉིད་མེད། །​ཕྱག་རྒྱའི་དེ་ཉིད་སྐྱེ་མི་འགྱུར། །​རྣལ་འབྱོར་པ་ཡིས་དེ་ཉིད་དམིགས། །​དེ་ཉིད་ཐམས་ཅད་བྱེད་པ་ཉིད། །​ཡི་གེ་རྣམས་ཀྱི་རྒྱུ་ལས་ནི། །​གཟུགས་ཀྱི་སྙིང་པོ་བགྲང་བའི་གྲངས། །​རྫུན་པས་རྣལ་འབྱོར་མ་སྙིང་འགྲུབ། །​ཨོྃ་པ་དེ་པ་དེ། མ་ཧཱ་ཛྙཱ་ནྃ། སརྦྦ་བུད་དྷ་མ་ཧྃ་བྷ་བེ་ཏ་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁྃ་སྭཱ་ཧཱ། སྔགས་ཀྱི་ཕྲེང་བ་སྦྱངས་ནས་ནི། །​གང་འདོད་དེ་ཉིད་བསྒྲུབ་པར་བྱ། །​དེ་ཉིད་ལས་ནི་འགྲུབ་པར་འགྱུར། །​ཀུན་དུ་གསལ་བ་མེད་ན་རིང་། །​ཡེ་ཤེས་དེ་ཉིད་ཁྱད་པར་དུ། །​ཡེ་ཤེས་ཆེན་པོ་ཡང་དག་ཉོན། །མཉམ་ཉིད་སེམས་ཀྱིས་དབྱེ་བ་ལས། །​མཉམ་པར་གཞག་པས་འཁོར་ལོ་བརྟག །​ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །​ཡེ་ཤེས་ས་བོན་གྱིས་ནི་སྤྲུལ། །​སྐུ་མདོག་དཀར་པོ་བསྒོམ་པར་བྱ། །​པདྨའི་གདན་ལ་བཞུགས་པར་ནི། །​ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །​རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །​ཕྱག་རྒྱ་ཆེན་པོ་ཕྱག་གཉིས་ཀྱིས། །​སྙིང་གའི་གནས་སུ་བཙིར་བ་ཉིད། །​སྐུ་མདོག་དཀར་པོ་ཤིན་ཏུ་མཛེས། །​འཕགས་པ་རྣམ་པར་སྣང་མཛད་གཙོ། །​ཀུན་ཏུ་འོད་ཟེར་སྣ་ཚོགས་ཀྱིས། །སངས་རྒྱས་དམ་ཚིག་སྤྲིན་གྱིས་སྤྲོ། །​ཟུང་ལྟར་རིམ་པའི་ཆོ་ག་ཡིས། །​སྔགས་ཀྱི་བཟླས་པར་རབ་ཏུ་གྲགས། །​གཡོན་དང་གཡས་པའི་ལག་གཉིས་ཀྱིས། །​བསྐོར་བ་མཁའ་འགྲོ་མ་དེ་བདེ། །​ཨཱ་ལི་ཀཱ་ལི་ས་བོན་ནི། །​ཧཱུྃ་གི་སྲད་བུས་བརྒྱུ་བ་ཉིད། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9146#UT22084-079-008-9146