རྡོ་རྗེ་ཆོས་ལ་བརྩོན་པའི་ཡིད། །​རྡོ་རྗེ་དེ་ཉིད་ཅན་ཀུན་རྣམས། །​རྡོ་རྗེ་ལས་ལ་མངོན་པར་འགྲོ། །​རྡོ་རྗེ་སྤྲོ་བའི་སྦྱོར་བ་ཡིས། །​རྡོ་རྗེ་སེམས་ཅན་འཁོར་བ་སྒྲོལ། །​རྡོ་རྗེ་དགུག་པའི་རྣལ་འབྱོར་དང་། །​རྡོ་རྗེ་རེངས་པའི་རྣལ་འབྱོར་རིག །​མུན་པ་ལྟ་བུའི་ཉོན་མོངས་པ། །​རྣམ་ཤེས་མར་མེ་དང་ལྷན་ཅིག །​ཡེ་ཤེས་རྡོ་རྗེས་གཞོམ་པར་བྱ། །​སྣང་བའི་ཕྱོགས་ནི་འཐོབ་བའོ། །​རྡོ་རྗེས་བསྒྲུབས་པ་ཐམས་ཅད་ལ། །​རྡོ་རྗེའི་བདག་ཅེས་བསྟན་པ་ཡིན། །​རྡོ་རྗེ་ཆོས་ཀྱི་སྙིང་པོ་ཅན། །​རྡོ་རྗེ་ཐར་པའི་ལྷུར་ལེན་པ། །​རྡོ་རྗེ་པདྨ་རྣམ་མནན་ཏེ། །​བསྒྲུབ་བྱ་དེ་ཉིད་ཐམས་ཅད་ནས། །​རྡོ་རྗེ་པདྨ་ཀུན་ཞུགས་པ། །​རྣམ་པར་མཁས་པས་བསྒྲུབ་པར་བྱ། །​རྡོ་རྗེ་དྲིལ་བུའི་མཚན་ཉིད་ནི། །​རྡོ་རྗེ་འཛིན་པའི་རྒྱལ་པོ་ཉོན། །​ཤེས་རབ་དཀྲོལ་བའི་དེ་ཉིད་ནི། །​ལྷ་ནི་ཀུན་གྱིས་ཐོས་པར་འགྱུར། །ཆ་གསུམ་གསལ་བར་གཟུང་བ་ལ། །​སྐ་རགས་བྱས་པ་བཟང་པོ་ཉིད། །​ཞི་བ་ཨུཏྤལ་ཀུ་མུ་ཏ། །​རིན་ཆེན་པདྨ་རྣམ་པར་གནས། །​ཕྱོགས་མཚམས་བརྒྱད་པའི་དབུས་སུ་ནི། །​དགུ་པ་ལ་ནི་སངས་རྒྱས་ཉིད། །​ལྷ་དགུ་ལ་སོགས་རྩེ་མོ་ནི། །​ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས། །​ཆུ་སྲིན་ཁ་ལས་བྱུང་བ་ཡི། །​རྩེ་མོ་འོད་ཟེར་ཟླ་བར་གནས། །​རྩེ་མོ་དགུ་པ་རྣམ་པར་བཤད། །​ཡེ་ཤེས་རྡོ་རྗེ་འགྲོ་བ་འདོན། །​ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །​བྱང་ཆུབ་སྙིང་པོར་རྣམ་པར་གནས། །​ཕྱོགས་བཅུ་ཐམས་ཅད་རིག་པའི་གནས། །​འཇིག་རྟེན་ཁམས་ནི་མཐའ་ཡས་པ། །​ཕྱོགས་ནི་བརྒྱད་ཅེས་བྱ་བར་ནི། །​ལྷ་མོ་བརྒྱད་དུ་རབ་ཏུ་གྲགས། །​ཡི་གེ་བརྒྱད་ཀྱི་ས་བོན་ནི། །​ཕྱོགས་ནི་བརྒྱད་དུ་རྣམ་པར་དགོད། །​ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །​བྱང་དུ་ཡང་ནི་གོས་དཀར་མོ། །​ནུབ་ཀྱི་ཕྱོགས་སུ་མཱ་མ་ཀཱི། །​ལྷོ་རུ་ཡང་ནི་སངས་རྒྱས་སྤྱན། །​གསེར་དང་སྦྲང་རྩི་གཟི་བརྗིད་མ། །​རྡོ་རྗེ་ཕྲེང་བ་བཞི་པའོ། །​ནང་གི་གཟུགས་ནི་ནམ་མཁའ་སྟེ། །​གཟུགས་ཀྱིས་གང་བ་གཟི་བརྗིད་ཅན། །​པདྨ་ཁ་ཕྱེ་ལས་བྱུང་བ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9143#UT22084-079-008-9143