དེའི་ཚེ་དུར་ཁྲོད་ཀྱི་རས་ལ་སྔགས་འདི་བྲི་བར་བྱའོ། །​ཨོྃ་ཏརྫྫ་ཡ་ཏརྫ་ཡ། ཤྨ་ཤཱ་ན་པྲི་ཡཱ་ཡ་ཕཊ་སྭཱ་ཧཱ། དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་སྟེ་བདུན་པའོ།​། །​།གཞན་དུ་མཚན་ཉིད་མཚོན་པ་ནི། །​བཅོམ་ལྡན་བདག་ནི་ཉེན་པར་འཚལ། །​དེ་ཉིད་བཞི་ནི་མི་འཚལ་བས། །​བདེ་བ་ཆེན་པོས་བཤད་དུ་གསོལ། །​འཁོར་བ་སྒྲོལ་བའི་མཚན་ཉིད་ཀྱི། །​ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། །​དང་པོར་རྡོ་རྗེའི་དེ་ཉིད་དེ། །​དྲིལ་བུ་ཡང་ནི་གཉིས་པ་ལ། །​གསུམ་པ་ལ་ནི་ཕྲེང་བ་ཉིད། །​བཞི་པར་ཡེ་ཤེས་མཚན་ཉིད་དོ། །​དེ་ཉིད་བཞི་ཡི་རྦ་རླབས་ལས། །​ཕ་རོལ་འདོད་པ་འདྲེན་པའོ། །​དབུས་སུ་རྣམ་པར་སྣང་མཛད་མགོན། །​ཤར་དུ་མི་བསྐྱོད་དེ་བཞིན་ཡང་། །རིན་ཆེན་ལྷོ་ཡི་རྭ་ལའོ། །​འོད་དཔག་མེད་ནི་ནུབ་ཏུ་དགོད། །​བྱང་དུ་དོན་ཡོད་གྲུབ་པ་སྟེ། །​རྭ་ལྔ་རྣམས་ཀྱི་ལྷ་ཉིད་དོ། །​པདྨར་བྱང་ཆུབ་ཡན་ལག་བརྒྱད། །​ས་ཇི་ལྟ་བར་གཞག་པར་བྱ། །​ཕྱག་ན་པདྨ་བྱམས་པ་དང་། །​ནམ་མཁའ་ཀུན་དུ་བཟང་པོ་བཞིན། །གནོད་སྦྱིན་དབང་པོ་འཇམ་དཔལ་དང་། །​རྣམ་པར་སེལ་དང་ས་ཉིད་ཀྱང་། །​ལྷ་རྣམས་བརྒྱད་པོ་འདི་རྣམས་ཀྱིས། །​ས་ཇི་ལྟ་བར་གཞག་པར་བྱ། །​དབུས་སུ་སྐབས་གསུམ་སྒོ་ང་ལ། །​ཡེ་ཤེས་ལྷ་ནི་ཐིམ་པར་བྱ། །​པདྨར་ལྷ་མོ་བརྒྱད་པོ་རྣམས། །​ཇི་བཞིན་གནས་སུ་སྦྱར་བར་བྱ། །​རྡོ་རྗེ་ལྕགས་ཀྱུ་ལ་སོགས་བཞི། །​དེ་བཞིན་རྩེ་ནམ་ཕྱོགས་བྲལ་ལོ། །​རྭ་ལ་མཁའ་འགྲོ་མ་ལྔ་སྟེ། །​དབུས་སུ་ཡེ་ཤེས་མིང་ཅན་ཏེ། །​ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །​བྱང་དུ་དྲག་མོའི་མིང་ཅན་ཏེ། །​རོ་ལངས་མ་ནི་ཕྱོགས་ཀྱི་མཐར། །གཏུམ་མོ་ལྷོ་ཡི་དབང་ཕྱུག་མ། །​རྡོ་རྗེའི་དེ་ཉིད་ལྷ་རྣམས་སུ། །​མཁས་པས་ཤེས་པར་བྱ་བ་ཡིན། །​གང་ཕྱིར་དེ་ཉིད་རྡོ་རྗེ་ཡི། །​རྡོ་རྗེའི་བདག་ཉིད་བདག་སེམས་ལ། །​རྡོ་རྗེ་སྙིང་ཅན་རྣལ་འབྱོར་པ། །​རྡོ་རྗེ་སེམས་ནི་བྱེད་དུ་གཞུག །​རྡོ་རྗེ་དག་པ་བསྟན་པར་བྱ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9142#UT22084-079-008-9142