སྲིན་བུ་དང་། མཛེ་དང་། ཡན་ལག་ལས་སྐྱེས་པའི་དུག་ལས་བྱུང་བ་ཡང་འཇིག་པར་བྱེད་ན་ཡང་བཱ་ཀུ་ཅི་དང་ལྷན་ཅིག་པ་ལྟ་སྨོས་ཀྱང་ཅི་དགོས། ལུས་བྱུག་པའི་ཆོ་གའོ། །​དེ་ནས་བསྐ་བ་གསུམ་དང་བཞི་མཉམ་ལྷན་ཅིག་ཕྱེ་མར་བྱས་ནས། གླ་རྩི་གྲང་མོ་དང་ལྷན་ཅིག་ལོ་གཅིག་ཏུ་བརྟུལ་ཞུགས་ཅན་གྱིས་བཏུང་བར་བྱའོ། །​དེ་ལྟར་ཁོང་དུ་སོང་བའི་ནད་རྣམ་པ་སྣ་ཚོགས་པ་བད་ཀན་ལ་སོགས་པ་ལྟུང་བར་བྱེད་དོ། །​ཞུ་ན་སྔགས་པའི་སྐྲ་དཀར་པོ་ལ་སོགས་པ་འཇིག་པར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། །​ཡང་ན་བཞི་མཉམ་བླངས་ནས་ཞིབ་པར་ཕྱེ་མར་བྱས་ནས་འབྲས་བུ་གསུམ་དང་ལྷན་ཅིག་མར་དང་སྦྲང་རྩིས་བརྫིས་ནས་ཞོ་གཉིས་བཟའ་བར་བྱའོ། །​དེ་ནས་གཟུགས་བཟང་པོར་འགྱུར་ཞིང་ལོ་སུམ་བརྒྱ་འཚོ་བར་འགྱུར་རོ། །​དེ་ནི་རློན་པས་ཀྱང་ཡིན་མོད་ཀྱི་འོན་ཀྱང་མར་དང་སྦྲང་རྩི་དང་བྲལ་བའོ། །​ཡང་ན་བསྐ་བ་གསུམ་བླངས་ནས་ཕྱེ་མ་ཞིབ་མོར་བྱའོ། །​བྱི་ལའི་རྐང་རྗེས་ཙམ་ལས་རིམ་པས་འཕེལ་བས་གླ་རྩི་འབྲིང་པོ་ཤིན་ཏུ་བསིལ་བར་བྱས་ནས་རྣལ་འབྱོར་པས་བདག་གི་ནུས་པ་ཉེ་བར་བརྟགས་ནས་བཏུང་བར་བྱས་ན་རླུང་དང་། བད་ཀན་འཇོམས་པ་དང་། སྐྲ་དཀར་སེལ་བར་བྱེད་ལ་དྲོན་མོས་ནི་སྐྲ་དཀར་བྱེད་པ་ཡིན་ནོ། །​ཡང་ན་འབྲས་བུ་གསུམ་བླངས་ནས་འོ་མ་དང་ཆུར་བཅོ་བར་བྱ་སྟེ་མགོ་བོ་བསྐུ་བར་བྱའོ། །​དབང་པོའི་སྟན་དང་། འབྲས་སཱ་ལུ་དམར་པོ་དང་ལྷན་ཅིག་བཏགས་པར་བྱས་ལ་ཁུར་བ་བྱས་ཏེ་མར་གྱིས་བཙོས་ནས་སྦྲང་རྩི་དང་ལྷན་ཅིག་བཟའ་བར་བྱའོ། །​དེ་ནས་ཟླ་བ་གསུམ་ན་ནད་ཐམས་ཅད་དང་། ཁྱད་པར་དུ་སྐྲ་དཀར་འཇོམས་སོ། །​ཟླ་བ་དྲུག་ཏུ་སྦྱོར་བ་གོམས་པས་རྣལ་འབྱོར་པ་ཤིན་ཏུ་དབྱངས་སྙན་པར་འགྱུར་བ་དང་། ཚིལ་བུ་དང་ལྡན་པར་འགྱུར་རོ། །ཟླ་བ་དགུ་ན་ལུས་བཟང་པོ་དང་། ཡིད་ལྟར་མགྱོགས་པ་དང་། ཐོས་པ་འཛིན་པར་འགྱུར་རོ། །​ལོ་གཅིག་ན་ནི་གླང་པོའི་སྟོབས་ཉིད་དང་། ལོ་སུམ་བརྒྱ་འཚོ་བར་འགྱུར་རོ། །​ཡང་ན་ནཱ་ག་མཱུ་ལ་དང་། བ་ལ་ཤ་དང་། ཀུཥྛ་ཆ་གསུམ་དང་། མཱ་ག་དྷ་བཅུའི་ཆ་གཅིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381/UT22084-079-008-9105#UT22084-079-008-9105