པ་བཞིན་དུ་གཞལ་བར་བྱའོ། །​གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་ཚིག་དེ་ལྟ་བུ་དེ་ཐོས་པ་དང་། བྲམ་ཟེ་པད་མའི་སྙིང་པོས་འདི་སྐད་ཅེས་སྨྲས་སོ། །​ཁྱོད་ནི་གཅིག་ཏུ་གྱུར་པའི་གཙོ་བོ་མཉམ་པ་མེད་པ། ལྷ་དང་བཅས་པའི་འཇིག་རྟེན་ན་མཉམ་པ་མེད་པའི་བྲམ་ཟེ་ཆེན་པོར་གྱུར་ཏེ། ཁྱོད་ཀྱི་བུ་ལ་ངའི་བུ་མོ་གཟུགས་བཟང་མོ་སྦྱིན་པར་བྱས་ཏེ། གཞོན་ནུ་སྟག་རྣ་དང་། གཟུགས་བཟང་མོ་གཉིས་ཚུལ་ཁྲིམས་དང་གཟུགས་དང་ཡོན་ཏན་དང་ལྡན་ཞིང་བཟང་ཞིང་མཛེས་པ་ཡིན་ཏེ། འདི་ནི་བདག་ཀྱང་འདོད་པ་ཡིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་གིས་སྒྲ་ཆེན་པོས་ཀྱེ་རིག་པ་དང་ལྡན་པའི་བྲམ་ཟེ་རྣམས་གདོལ་པ་དང་གཉེན་མ་མཛད་ཅིག །​མཁན་པོ་རིག་པ་དང་ལྡན་པའི་བྲམ་ཟེ་རིག་པ་གསུམ་རྣམས་གདོལ་པ་དང་ལྷན་ཅིག་ཏུ་གཉེན་མཛད་དམ། དེ་ནས་བྲམ་ཟེ་པད་མའི་སྙིང་པོས་གླེང་གཞི་བཤད་ཅིང་ལན་གྱི་ཚིགས་སུ་བཅད་པ་རྣམས་སྨྲས་པ། ཏྲེ་ཤང་ཀུ་དེས་གང་སྨྲས་པ། །​དེ་བཞིན་དེ་ཉིད་དེ་ལྟ་བུར། །​དེ་ཉིད་ཡིན་ཏེ་བརྫུན་པ་མིན། །​ཡང་དག་མཐར་གྱུར་བདེན་པ་ཉིད། །​དེ་ནས་བྲམ་ཟེ་པད་མའི་སྙིང་པོས་བྲམ་ཟེའི་ཁྱེའུ་དེ་དག་ལ་སྨད་ནས། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །​ཀྱེ་ཏྲེ་ཤང་ཀུ་ཚངས་པ་འདི། །​མི་མཇེད་བདག་པོས་འབྱུང་བཞི་ལས། །​སྐྱེས་བུ་རྣམ་པར་སྤྲུལ་པ་སྟེ། །​མགོ་ནི་སྐར་ཚོགས་ནམ་མཁའ་ཡིན། །​དེ་བཞིན་ལྟོ་བ་བར་སྣང་ཡིན། །​རི་བོ་རྣམས་ནི་བརླ་གཉིས་ཏེ། །རྐང་པ་གཉིས་ནི་ས་རུ་གནས། །​ཉི་མ་ཟླ་བ་མིག་གཉིས་ཡིན། །​རྩྭ་དང་ཤིང་རྣམས་བ་སྤུ་སྟེ། །​མཆི་མ་བར་སྣང་ཆར་པའོ། །​རྒྱ་མཚོ་རྣམས་ནི་གཅིན་དུ་འདོད། །​རི་བོ་རྣམས་ནི་ཕྱི་ས་ཡིན། །​དེ་ནི་ཚངས་པ་མི་མཇེད་བདག །​ཁྱོད་དང་ཤེས་པ་མཉམ་པ་མེད། །​དེ་དེ་བཞིན་དུ་བདག་གིས་བརྗོད། །​ཀྱེ་ཏྲེ་ཤང་ཀུ་དེ་ལ་ནི་འདིར་བདག་ཉིད་ཅི་ཞིག་སྨྲ་རུ་ཡོད། ཡང་རང་གི་མཚན་ཉིད་མངོན་སུམ་དུ་དཔྱད་པས་ཕ་དང་མས་སྦྱོར་བ་བྱས་པ་ལས་གྱུར་ཅིང་། བདེ་བ་འདོད་པས་བསླུས་ནས་སེམས་ཅན་རྣམས་མངལ་དུ་འཇུག་པ་ཡིན་ཏེ། འགའ་ཡང་མ་སྐྱེས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh358/UT22084-076-012-2029#UT22084-076-012-2029