ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམས་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འཁོད་དོ། །​དེ་ནས་ཚེ་དང་ལྡན་པ་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་དག་བྱད་གཟུགས་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །​ཚེ་དང་ལྡན་པ་གྲོ་ཞིན་སྐྱེས་བྱེ་བ་ཉི་ཤུ་པས་སྨྲས་པ། ཚེ་དང་ལྡན་པ་དག་བརྩོན་འགྲུས་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །​ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཚེ་དང་ལྡན་པ་དག་བཟོ་ནི་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ། །​ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་དག་ཤེས་རབ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དཔེན་པ་ཡིན་ནོ་ཞེས་གླེངས་ནས་དེ་དག་འདི་སྐད་དུ། ཚེ་དང་ལྡན་པ་དག་བདག་ཅག་ཀུན་མི་འཐུན་པར་གྱུར་ཏེ། འདི་ལྟར་ཐ་དད་པར་བརྟགས་ཀྱིས། བདག་ཅག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་དོན་འདི་ཉིད་ཞུ་ལ། བཅོམ་ལྡན་འདས་བདག་ཅག་ལ་ཅི་སྐད་དུ་ལུང་སྟོན་པ་དེ་བཞིན་དུ་གཟུང་བར་བྱའོ་ཞེས་ཟེར་ནས་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ནི། སྟོན་པ་ཐུགས་རྗེ་ཆེན་པོ་སྟེ། །​ཐམས་ཅད་མཁྱེན་པ་ཐ་ཚོམ་བསལ། །​དེ་ནི་སོམ་ཉི་གཅོད་པ་སྟེ། །​ཉི་མས་མུན་པ་བསལ་བ་བཞིན། །​སྡུག་བསྔལ་དྲ་བས་གླགས་པ་དང་། །​ལོག་པའི་ལམ་ལ་གནས་པ་ཡི། །​སྲོག་ཆགས་རྣམས་ཀྱི་སྐྱབས་གཅིག་སྟེ། །​བུ་རྣམས་ཀྱི་ནི་ཕ་མཆོག་བཞིན། །​དེ་ཕྱིར་ཆོས་ཀུན་དབང་ཕྱུག་པོ། །​སེམས་ཅན་ཀུན་གྱི་དོན་བརྩོན་པ། །​ཐུབ་པ་ཐེ་ཚོམ་གཅོད་དེ་ལ། །​བདག་ཅག་ཀུན་གྱིས་ཞུ་བར་བྱ། །​སོམ་ཉི་མདུད་པ་ཆེན་པོ་ནི། །​གང་ཕྱིར་རྒྱལ་བ་གཅོད་པར་འགྱུར། །​དེ་ཕྱིར་ཐམས་ཅད་དོང་ནས་ནི། །​དེ་བཞིན་གཤེགས་ལ་ཞུ་བར་བྱ། །​ཞེས་བྱས་ནས་དགེ་སློང་མང་པོ་དེ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བར་ཆས་པ་ལས། བཅོམ་ལྡན་འདས་ཉིན་པར་གནས་པའི་ཕྱིར་ནགས་སྟུག་པོའི་ནང་ན་བཞུགས་པའི་བར་སྐབས་སུ་དགེ་སློང་མང་པོ་དགེ་འདུན་ཁང་དུ་འདུས་ཤིང་འཁོད་དེ། སྐབས་སུ་ཚུལ་དེ་ལྟ་བུའི་གཏམ་གླེངས་པ། ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh347/UT22084-076-001-379#UT22084-076-001-379