དཔོན་དང་ལྡན་པ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། །​དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །​དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །​དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཕ་མ་གཉིས་ནི་ཚངས་པ་སྟེ། །​དེ་བཞིན་དང་པོ་སློབ་དཔོན་ཡིན། །​བུ་ཡི་ཀུན་སྦྱིན་འོས་གྱུར་པ། །​མི་ཡང་ཡིན་ལ་ལྷ་ཡང་ཡིན། །​དེ་ཕྱིར་དེ་གཉིས་ཕྱག་གི་གནས། །​དྲིལ་བ་དང་ནི་ཁྲུས་རྣམས་དང་། །​རྐང་པ་དག་ཀྱང་བསྐུ་བ་དང་། །​ཡང་ན་ཟས་དང་སྐོམ་རྣམས་དང་། །​གོས་དང་མལ་སྟན་རྣམས་ཀྱིས། །​མཁས་པ་དག་གིས་བཀུར་སྟི་བྱ། །​ཕ་མ་དག་ལ་བཀུར་བྱས་པ། །​དེས་ན་མཁས་པ་དེ་དག་ནི། །​འདིར་ཡང་སྨད་པ་མེད་འགྱུར་ལ། །​ཤི་ནའང་མཐོ་རིས་འགྲོ་བར་འགྱུར། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​ཕ་མའི་མདོ་རྫོགས་སོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh315/UT22084-072-015-47#UT22084-072-015-47