རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་གྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ངང་པ་འཕྱོས་པའི་གནས་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་ལེགས་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བུམ་པ་ཤིང་གི་མགོ་ཐོགས་ཅན་གྱི་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོ་ཟབ་མོ་མི་འཁྲུགས་པ་ལྟ་བུའི་བློ་གྲོས་ལ་འཇུག་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རབ་ཏུ་དུལ་བའི་གཟི་བརྗིད་སྟོབས་ཅན་གྱི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་གནས་ཀྱི་མཐའ་ལ་མི་རྟོགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྐལ་པ་ལ་ཁྱབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་སྲུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷ་མོ་ཡེ་ཤེས་ཕྲ་བ་ལ་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​སངས་རྒྱས་མཛད་བྲལ་ཆ་དང་བྲལ། །​དེ་བཞིན་གཤེགས་པ་མ་སྐྱེས་ཀྱང་། །​སྐྱེས་པ་ལྟ་བུར་སྟོན་མཛད་དེ། །​ཡེ་ཤེས་རྡོ་རྗེ་རྣམ་མང་མངའ། །​ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་རྩིའི་བློ་གྲོས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བས་ཚིམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་རབ་ཏུ་དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་སྒོ་དང་། ཟབ་ཅིང་བརྟན་པའི་ཆུའི་རོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས་ཀྱི་བློ་གྲོས་ཀྱི་སྤྱོད་ཡུལ་གྱི་བདེ་བ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བ་མི་ཟད་ཅིང་གདོད་མ་ནས་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐམས་ཅད་རབ་ཏུ་མགུ་ཞིང་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232/UT22084-064-002-1567#UT22084-064-002-1567