སྟེ། བཅུ་པོ་དེ་དག་ནི་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷ་མོ་རབ་ཏུ་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཀྱེ་མ་བཅོམ་ལྡན་སངས་རྒྱས་མི་བསྐྱོད་པ། །​ཆོ་འཕྲུལ་ཆེན་པོའི་རྒྱལ་པོ་དེ་བཞིན་གཤེགས། །​སེམས་ཅན་རྣམས་ཀྱི་ཤེས་པ་བསྐྱེད་དོན་དུ། །​དེ་རིང་ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །​ཆོ་འཕྲུལ་ཆེན་པོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་ཏོག་གི་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བ་དང་། ཐོག་ཏོག་གི་རྒྱ་མཚོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྤྱོད་པའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྨན་ཆེན་པོའི་མཛོད་བསྟན་པ་ཞེས་བྱ་བ་དང་། ཐོག་ཏོག་གི་སྤྱིའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་བློ་གྲོས་མི་ཟད་པའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྙིང་པོ་མཆོག་ཅེས་བྱ་བ་དང་། ཐོག་ཏོག་གི་སྒྲོན་མའི་དེད་དཔོན་ཐོབ་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི་ཕྱོགས་ཀྱི་མཚོན་ཆའི་མཆོག་ཅེས་བྱ་བ་དང་། ཐོག་ཏོག་ཟབ་མོའི་དུས་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷ་མོ་མངོན་པར་སྒེག་མ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ལྷ་ཆེན་ཆོས་ཀྱི་སྤྲིན་ལགས་ཏེ། །​ཐོག་ཏོག་རྒྱལ་པོ་དེ་བཞིན་གཤེགས། །​དེ་བཞིན་གཤེགས་པས་ཉོན་མོངས་རྣམས། །​སྣ་ཚོགས་པར་ནི་ཚར་ཡང་བཅད། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​ཉོན་མོངས་ཐིབས་པོར་རོལ་པ་མཛད། །​ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་གྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་སྲུང་བ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232/UT22084-064-002-1566#UT22084-064-002-1566