གཞན་དག་ཀྱང་སངས་རྒྱས་མཆོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་མཆོད་པ་ནི་གང་བྱིན་གྱིས་བརླབས་བྱས་ནས་སངས་རྒྱས་འབྱུང་བར་འགྱུར་བའི་ཆོས་སྟོན་པ་གང་ཡིན་པ་དེ་དག་ལ་མཆོད་པ་གང་ཡིན་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པའོ། །​བདག་ནི་ཡེ་ཤེས་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡེ་ཤེས་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡེ་ཤེས་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ཆོས་ལ་རབ་ཏུ་དགོད་པ་གང་ཡིན་པའོ། །​བདག་ནི་ངག་གི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ངག་གི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངག་གི་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ངག་གི་ཉེས་པ་ཡོངས་སུ་སྤྱོད་པ་གང་ཡིན་པའོ། །​བདག་ནི་སེམས་ཀྱི་སྤྱོད་པ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་ཀྱི་སྤྱོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་ཀྱི་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉེས་པ་ཡོངས་སུ་སྦྱོང་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བདུད་ཀྱི་ལས་སྒྲོ་བཏགས་པ་མེད་པ་སངས་རྒྱས་ཀྱི་ཕྲིན་ལས་ལ་གནས་ཀྱིས། གཞན་དག་ཀྱང་བདུད་ཀྱི་ལས་སྒྲོ་བཏགས་པ་མེད་པ་སངས་རྒྱས་ཀྱི་ཕྲིན་ལས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདུད་ཀྱི་ལས་སྒྲོ་བཏགས་པ་མེད་པ་སངས་རྒྱས་ཀྱི་ཕྲིན་ལས་ནི་བདུད་ཀྱི་ལས་སྒྲོ་བཏགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པའོ། །​བདག་ནི་དེ་བཞིན་གཤེགས་པ་རྟག་པའོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་རྟག་པའོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-777#UT22084-062-001-777