བདག་ནི་ལུས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ལུས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལུས་འདུལ་བ་ནི་ལུས་ཀྱི་ལས་ཀྱི་ཉེས་པ་རྣམ་པ་གསུམ་ཡོངས་སུ་སྤངས་པ་གང་ཡིན་པའོ། །​བདག་ནི་ངག་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ངག་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངག་འདུལ་བ་ནི་ངག་གི་ལས་ཀྱི་ཉེས་པ་རྣམ་པ་བཞི་ཡོངས་སུ་སྤངས་པ་གང་ཡིན་པའོ། །​བདག་ནི་ཡིད་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡིད་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡིད་འདུལ་བ་ནི་ཡིད་ཀྱི་ལས་ཀྱི་ཉེས་པ་རྣམ་པ་གསུམ་ཡོངས་སུ་སྤངས་པ་གང་ཡིན་པའོ། །​བདག་ནི་སེར་སྣའི་སེམས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་སེར་སྣའི་སེམས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེར་སྣའི་སེམས་འདུལ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་གང་ཡིན་པའོ། །​བདག་ནི་གཡོ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་གཡོ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཡོ་མེད་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་གང་ཡིན་པའོ། །​དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་ཆོས་ཐམས་ཅད་ཐ་དད་པ་མེད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ།​། །​།བམ་པོ་བཞི་པ། འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ལེ་ལོའི་སེམས་འདུལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ལེ་ལོའི་སེམས་འདུལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལེ་ལོའི་སེམས་འདུལ་བ་ནི་དགེ་བའི་རྩོམ་པ་ཐམས་ཅད་ལ་ཞུམ་པ་མེད་པའོ། །​བདག་ནི་སངས་རྒྱས་མཆོད་པ་ལ་གནས་ཀྱིས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-776#UT22084-062-001-776