དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཡིན་པའོ། །​བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཡིན་པའོ། །​བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་རྣམ་པར་གཡེངས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཡིན་པའོ། །​བདག་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་གནས་ཀྱིས། གཞན་དག་ཀྱང་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་འཛིན་པ་གང་ཡིན་པའོ། །​བདག་ནི་བསོད་ནམས་ཀྱི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་བསོད་ནམས་ཀྱི་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་རྙེད་པ་དང་བཀུར་སྟི་འབུལ་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་གྲགས་པའི་སྒྲ་དང་ཚིགས་སུ་བཅད་པ་འབྱིན་པ་གང་ཡིན་པའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-746#UT22084-062-001-746