འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངོན་པར་སྒྲུབ་པ་གང་ཡིན་པའོ། །​བདག་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་གནས་ཀྱིས། གཞན་དག་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་བསླབ་པ་ནི་བསླབ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་གང་ཡིན་པའོ། །​བདག་ནི་ཉོན་མོངས་པ་དང་དབྱེར་མེད་པའི་ཡེ་ཤེས་ལ་གནས་ཀྱིས། གཞན་དག་ཀྱང་ཉོན་མོངས་པ་དང་དབྱེར་མེད་པའི་ཡེ་ཤེས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཉོན་མོངས་པ་དང་དབྱེར་མེད་པའི་ཡེ་ཤེས་ནི་ཉོན་མོངས་པའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ནི་ཉོན་མོངས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་མེད་པས་ཉོན་མོངས་པའི་རང་བཞིན་ཉིད་ཡེ་ཤེས་སོ། །​ཉོན་མོངས་པའི་རང་བཞིན་གྱི་ཡེ་ཤེས་དེས་ཆོས་ཐམས་ཅད་ཤེས་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཡིན་པའོ། །​བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་གང་ཡིན་པའོ། །​བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱིས། གཞན་དག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་དོ་ཞེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-745#UT22084-062-001-745