འདི་ནི་འཇིག་རྟེན་གྱི་ཤེས་པ་སྟེ། དེ་ལ་སྙིང་པོ་ཅི་ཞིག་ཡོད། དྲང་སྲོང་གིས་གསོལ་པ། མཁས་པ་རྣམས་དགའ་བར་བགྱིད་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་མའི་གནས་གང་ཡིན། དྲང་སྲོང་གིས་གསོལ་པ། གང་ཟླ་བ་དང་ཉི་མ་ལ་བརྟེན་ཅིང་རྗེས་སུ་རྒྱུ་བའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བརྗོད་པ་འདི་དག་གོ། །​དེ་ལ་མཛུབ་ནི་སོར་བརྒྱད་ཀྱི་ཚད་དེ། མཛུབ་དེའི་ཚད་ཀྱིས་ལུས་ལ་སྲིད་དུ་མཛུབ་བཅུ་གཉིས་མཆིས་པར་རིག་པར་བགྱིའོ། །​ཀླད་པའི་སྤྱི་བོ་ལ་མཛུབ་གང་དང་། རྐང་པའི་མཐིལ་ལ་མཛུབ་གང་སྟེ། མཛུབ་བཅུ་བཞི་ནི་སྐར་མ་རྣམས་ཀྱི་གནས་སོ། །གང་དེ་དག་ན་གདའ་བ་ནི་རྣམ་པ་གཞན་དུ་མི་འགྱུར་ཏེ། སྐར་མ་གང་དང་གང་ལ་བཙས་པ་དེ་དང་དེ་དག་ན་གདའོ། །​ཡང་གང་ཞེ་ན། དེ་བཤད་པར་བགྱི་ཡིས་ཐུབ་པ་ཆེན་པོ་གསོན་ཅིག །​སྨིན་དྲུག་ལ་ནི་སུ་བཙས་པ། །​དེ་ཡི་གདོང་གི་སོར་བཞི་ན། །​གཡས་ཕྱོགས་ན་ནི་སྨེ་བ་མཆིས། །​སྤུ་ཅན་གནག་ལ་མདོག་ཀྱང་དམར། །​ལོངས་སྤྱོད་བདོག་ཅིང་གྲགས་དང་ལྡན། །​མཁས་ཤིང་རབ་ཏུ་དཔལ་འབར་ཏེ། །​སྨིན་དྲུག་ལ་ནི་སྐྱེས་པ་ཡི། །​མཚན་མ་ཉིད་ནི་དེ་ལགས་སོ། །​གང་ཞིག་ལ་ནི་སོར་བཞི་ན། །​སྨེ་བ་འདི་ཉིད་གདའ་བ་དེ། །​སྣར་མ་ལ་ནི་སྐྱེས་པ་སྟེ། །​ཤེས་ཤིང་རྟག་ཏུ་ཆོས་ལ་དགའ། །​མཁས་ལ་ལོངས་སྤྱོད་ཕུན་སུམ་ཚོགས། །​རྣམ་པ་ཀུན་ཏུ་མཛེས་དང་ལྡན། །​དཔའ་ཞིང་རྒྱལ་བ་ཕུན་སུམ་ཚོགས། །​དགྲ་རྣམས་རྟག་པར་རབ་ཏུ་འཇོམས། །​མགུལ་པ་ཡི་ནི་མཛུབ་ཕྱེད་ན། །​གང་ལ་ཚིག་པ་འདྲ་གདའ་བ། །​དེ་ནི་མགོ་ལ་སྐྱེས་པ་སྟེ། །​དཔའ་ཞིང་ལོངས་སྤྱོད་ལྡན་པའོ། །​མཛུབ་ཀྱི་ཕྱེད་པོ་གཉིས་པ་ལ། །​གཡོན་ན་སྨེ་བ་གང་མཆིས་པ། །​ལག་ལ་སྐྱེས་པ་ཁྲོ་བ་སྟེ། །​དེ་ནི་བླུན་ཞིང་ལོངས་སྤྱོད་བདོག །​མཆན་ཁུང་གཡོན་ན་སྨེ་ནག་མཆིས། །​ནབ་སོ་ལ་ནི་སྐྱེས་པ་སྟེ། །​ནོར་དང་འབྲུ་རྣམས་འབྱོར་པར་འགྱུར། །​དེ་ནི་ཤེས་པའི་རྒྱ་ཡང་ཆུང་། །​ཇི་ལྟར་ཁྱོད་ནི་རྒྱལ་ལ་སྐྱེས། །​མཚན་མཆོག་དག་ནི་རབ་ཏུ་གདའ། །​ཕྱག་གི་མཐིལ་ན་འཁོར་ལོ་ནི། །​ཉི་མ་ལྟ་བུར་རབ་ཏུ་མཛེས། །​དབུ་སྐྲ་དག་ནི་ཐམས་ཅད་ཀྱང་། །​གྱེན་དུ་གཡས་འཁྱིལ་ལེགས་པར་མཆིས། །​སྐུ་ནི་ཆུ་ཞེང་གབ་པ་སྟེ། །​འདྲེན་པ་ཁྱེད་ཀྱིས་ཉོན་མོངས་ཐུལ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh138/UT22084-056-006-1952#UT22084-056-006-1952