བསམ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱེད་དོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​ཡེ་ཤེས་མཐའ་ཡས་ཕྱག་རྒྱ་མདོ་སྡེ་འདི། །​ཡེ་ཤེས་ཕུང་པོ་ཡེ་ཤེས་ཁྱད་འཕགས་མཆོག །​ཡེ་ཤེས་འོད་དང་ཡེ་ཤེས་འབྱོར་པའི་མཛོད། །​ཡེ་ཤེས་འབྱུང་གནས་ཡེ་ཤེས་སྒོར་འཇུག་པ། །​ཤེས་དབང་ཤེས་རབ་འབྱུང་གནས་ཤེས་རབ་ས། །​ཤེས་རབ་སྒྲོན་མ་ཤེས་རབ་འོད་མུན་སེལ། །​ཤེས་རབ་མི་ཟད་ཤེས་རབ་ཚུལ་རབ་བཤད། །​ཉི་མ་བཞིན་དུ་འཇིག་རྟེན་གསུམ་ན་ལྷན། །​མཉམ་པ་འབྱོར་པ་མཉམ་པ་ཉིད་ལ་གནས། །​འཛིན་པ་ཐམས་ཅད་གཅོད་དང་བདེན་པའི་ཚུལ། །​ཏིང་འཛིན་ཀུན་སྒོ་ཡེ་ཤེས་ཕྱག་རྒྱ་ནི། །​སངས་རྒྱས་སོ་སོ་ཡང་དག་རིག་པའི་རིག །​ཟད་མི་ཤེས་པའི་ནོར་མཛོད་ཕ་རོལ་འགྲོ། །​ཤེས་རབ་རྫུ་འཕྲུལ་ཤེས་རབ་འབྱུང་གནས་གཏེར། །​བསམ་པ་ཇི་བཞིན་དགའ་བདེའི་རྩ་བ་སྟེ། །​ཏིང་འཛིན་ཕྱག་རྒྱ་འདི་ནི་བདེ་གཤེགས་ནོར། །​རིན་ཆེན་ལྡན་པའི་ཡུལ་འཁོར་རྒྱལ་པོས་བསྟེན། །​རིན་ཆེན་དམ་པ་རིན་ཆེན་མཆོག་འབྱུང་གནས། །​འདོད་ཆགས་རྡུལ་དང་ཞེ་སྡང་དྲི་མ་སེལ། །​མདོ་བཤད་འདི་ནི་རིན་ཆེན་རྩ་བའོ། །​ཞི་ཞིང་ཞི་ལ་ཡིད་ནི་ཞི་བྱེད་པ། །​མཛེས་པ་བྱེད་དང་བདག་ཏུ་ལྟ་བ་སྦྱོང་། །​སངས་རྒྱས་གཟུངས་ཀྱི་ཕྱག་རྒྱ་འདི་རྙེད་པས། །​དཔའ་བོའི་མཚོན་གྱིས་བདུད་ནི་རབ་ཏུ་འཇོམས། །​ཤེས་བྱའི་སྲོག་ཆགས་ཡེ་ཤེས་ཤེས་བྱེད་པ། །​ཡེ་ཤེས་འབྱུང་གནས་ཡེ་ཤེས་འབྱོར་ཤེས་རབ། །​ཡེ་ཤེས་སྣང་བ་ཕ་རོལ་མཐའ་ཡས་ཏེ། །​མདོ་སྡེ་འདི་ནི་ཡེ་ཤེས་སྒོ་འབྱུང་གནས། །​དུལ་བ་འདུལ་བ་མདུད་པ་གཉིས་གཅོད་དེ། །​ལྟ་བྱས་དྲུག་ཅུ་གཉིས་ཀྱི་ལྟ་བ་སྦྱོང་། །​རྒྱལ་བའི་སྒོ་སྟེ་བདུད་རྩི་འཐོབ་པར་འགྱུར། །​འདི་ནི་སུམ་ཅུ་རྩ་གཉིས་མཚན་འབྱུང་གནས། །​བྱང་ཆུབ་ཤིན་ཏུ་བྱང་ཆུབ་རང་བཞིན་འཐུན། །​མུ་སྟེགས་ཤེས་བྱེད་བྱང་ཆུབ་རྒྱུ་ཤེས་བྱེད། །​བྱང་ཆུབ་འདི་ནི་གཉིད་ལོག་སད་བྱེད་པ། །​བྱང་ཆུབ་ཚུལ་འདིར་མཐའ་ཡས་ཟད་མི་ཤེས། །​ཆོས་ཀྱི་ཚུལ་དང་རིགས་པ་རྣམ་པར་སྒོམ། །​མཐའ་ཡས་པ་ཡི་གཟུངས་རྣམས་རབ་ཏུ་སྒྲུབ། །​སྟོབས་བཅུ་རྣམས་ཀྱི་ཆོས་ལ་འཇུག་པ་སྟེ། །​གཟུངས་འདི་ཉིད་ནི་རྒྱ་མཚོ་ལྟ་བུའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh131/UT22084-055-005-419#UT22084-055-005-419