འདི་ནས་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །​འཁོར་དེར་ཡང་ཆོས་མཉན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དག་འདུས་ཏེ། རྒྱུ་སྐར་གྱི་ཕྲེང་བ་འཇིག་རྟེན་གྱི་ཁམས་གཞན་ན་ནི་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟ་བུའི་གོ་ཆ་དག་གིས་གོ་ཆ་བགོས་པའི་གོ་ཆ་དེ་ལྟ་བུ་དག་གིས་སྟོངས་སོ། །​དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུ་སྐར་གྱི་ཕྲེང་བས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​ངའི་ཚིག་གིས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལ། རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་དེར་ཡང་ཤེས་བཞིན་དུ་སྤྱོད་པར་གནས་པར་བྱོས་ཤིག །​དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ནི་བསྙེན་པར་དཀའ་བའི་ཕྱིར་རོ། །​དེ་ནས་བྱང་ཆུབ་སེམས་དཔའ་རྒྱུ་སྐར་གྱི་ཕྲེང་བས་བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ། བསྐོར་བ་ཡང་བྱས་ནས་སོང་སྟེ། དེ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དེས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4220#UT22084-048-001-4220