བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཐ་དད་པ་མེད་པའི་གོ་ཆ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཐོགས་པ་མེད་པའི་གོ་ཆ་ཞེས་བྱ་བ་བཏང་ངོ་། །​དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་ཙན་དན་དྲི་བསུང་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་དྲི་མ་མེད་པའི་དཔལ་ཞེས་བྱ་བ་བཏང་ངོ་། །​དེའི་ཡང་འདབ་ཆགས་ན་འཇིག་རྟེན་གྱི་ཁམས་འདྲེན་པའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤྱན་བཟངས་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ལག་ན་རིན་ཆེན་ཞེས་བྱ་བ་བཏང་ངོ་། །བྱང་ཆུབ་སེམས་དཔའ་དེ་ལ་སོགས་པ་སྐྱེ་བ་གཅིག་གིས་ཐོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །​དེའི་ཚེ་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་མཛོད་གཅིག་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་ངའི་འོག་ཏུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་རྒྱུ་སྐར་གྱི་ཕྲེང་བ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུ་སྐར་གྱི་ཕྲེང་བས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་ནས་བཅོམ་ལྡན་འདས་དེ་ལ་ཞུས་པ། བཅོམ་ལྡན་འདས་གསུང་བསལ་བའི་སྒྲ་གྲག་པ་དེ་སུའི་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱུ་སྐར་གྱི་ཕྲེང་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4219#UT22084-048-001-4219